གྷན་དྷིའི་ཐེབས་རྩ་ཁང་གི་གཟེངས་རྟགས།
ལྷོ་ཨ་ཧཕི་རི་ཀའི་ནང་རྟེན་གཞི་བྱས་པའི་སེམས་དཔའ་ཆེན་པོ་གྷན་དྷིའི་ཐེབས་རྩ་ཁང་གིས། གྷན་དྷིའི་ཞི་བདེའི་གཟེངས་རྟགས་ཞེས་པ་ལྕམ་ཨང་སན་སུ་སྐྱིད་མཆོག་ལ་ཕུལ་ཡོད་པ་རེད།
དེ་ཡང་སྐྱབས་བཅོལ་དུ་ཡོད་པའི་འབར་མའི་སྲིད་བློན་གྱིས། ལྕམ་ཨང་སན་སུ་སྐྱིད་ཀྱི་ཚབ་བྱས་ནས་གཟེངས་རྟགས་དེ་བཞེས་ཡོད་ཅིང༌། སྐབས་དེར་སེམས་དཔའ་ཆེན་པོ་གྷན་དྷིའི་ཐེབས་རྩ་ཁང་གི་ཚོགས་གཙོ་ཁཱིར་ནཱའི་མཆོག་གིས་གཟེངས་རྟགས་འདིའི་ཚེས་གྲངས་༧ པའི་༢༠ ལ་བདམས་དགོས་དོན་ནི། འབར་མའི་དམག་གཞུང་གིས་ལྕམ་ཨང་སན་སུ་སྐྱིད་བཀག་ཉར་བྱས་ནས་མི་ལོ་༢༠ ཧྲིལ་པོ་འཁོར་བའི་དུས་དྲན་དང་ཁེལ་གྱི་ཡོད་པས་ཡིན་ལ། ལྕམ་སུ་སྐྱིད་མཆོག་ནི་གྷན་དྷིའི་སོགས་འཛམ་འཛམ་གླིང་ནང་ཞི་བདེའི་ཆེད་དུ་ཕྱག་ལས་གནང་མཁན་ཚོའི་རྗེས་འབྲངས་པ། དྲང་བདེན་དང༌། འཚེ་བ་མེད་པ། ཞི་བདེ་བཅས་ལ་ཡིད་ཆེས་བྱས་ཏེ་ཕྱག་ལས་གནང་མཁན་གྱི་དཔའ་མོ་ཞིག་ཡིན་པས། ང་ཚོའི་ངོས་ནས་གཟེངས་རྟགས་འདི་ལྕམ་སུ་སྐྱིད་མཆོག་ལ་ཕུལ་བ་ཡིན་ཞེས་ཁྱབ་བསྒྲགས་བྱས་ཡོད་པ་རེད།
དེ་བཞིན་འབར་དམག་གཞུང་གི་འོག་ནས་སྡུག་བསྔལ་མྱོང་བཞིན་པ་དང༌། རང་སྲོག་བློས་བཏང་གིས་འཐབ་རྩོད་བྱེད་བཞིན་པའི་འབར་མའི་མི་མང་ཕོ་མོ་ཡོངས་རྫོགས་ལ། ལྷོ་ཨ་ཧཕི་རི་ཀའི་ངོས་ནས་རྒྱབ་སྐྱོར་གཙང་མ་ཡོད་ཅེས་གཟེངས་རྟགས་འབུལ་བཞེས་སྐབས་ཀྱི་ལྷན་ཚོགས་སྟེང་གསུང་བཤད་གནང་ཡོད་པ་རེད།
