སིམ་ལའི་ཆིངས་ཡིག་སྐོར་གྱི་འཁྱོག་བརྗོད་ལ་གསལ་བཤད།

༑ཤིང་སྟག་༡༩༡༤ རྒྱ་དབྱིན་བོད་གསུམ་ལིམ་ལར་བཞག་པའི་ཆིངས་ཡིག།

          སྒེ་རེག་འབི་རི་ཀྲན། ཨ་ཡེར་ལནྜ་དང༌། རྒྱ་མཚོའི་ཕ་རོལ་དབྱིན་ཇིའི་རྒྱལ་ཁབ་དང༌། རྒྱ་གར་བཅས་ཀྱི་མངའ་བདག་༸གོང་མ་ཆེན་པོ་དང༌། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྡཱ་ཙུང་ཐུ་དང༌། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་རྣམས་ནས་ཕན་ཚུན་ཐུགས་མཐུན་ཐོག། ཨེ་ཤ་ཡ་ཞེས་པའི་ནང་གླིང་དུ་སོ་སོའི་ཆབ་སྲིད་ཀྱི་ཐུགས་དོན་དང༌། ༸རྒྱལ་ཁབ་ཕན་ཚུན་མཐུན་ལམ་ཡོང་རྒྱུའི་འགྲོ་ལུགས་ཀྱི་ཆིངས་ཡིག་བཟོ་རྒྱུའི་ཐུགས་འདུན་དངོས་འབྲེལ་བྱུང་བར་སོ་སོའི་གཞུང་ནས་སྐུ་ཚབ་བསྐོ་གཞག་མཛད་པ། སྒེ་རེག་འབྲི་རི་ཀྲན། ཨ་ཡེར་ལནྜ་དང༌། རྒྱ་མཚོའི་ཕ་རོལ་དབྱིན་ཇིའི་རྒྱལ་ཁབ་དང༌། རྒྱ་གར་བཅས་ཀྱི་མངའ་བདག་༸གོང་མ་ཆེན་པོས་ཆེད་སྩལ་སར་ཨར་ཐར། ཧེན་རི་མེག་མེ་ཧོན། འཇི་སི་འབི་ཨོ་ཀེ་སེ་ཨའི་ཨི། སི་ཨེ་སི་ཨའི། རྒྱ་གར་གཞུང་གི་ཕྱི་རྒྱལ་བློན་ཆེན་དང༌། རྒྱ་ནག་མི་སེར་རྒྱལ་ཁབ་ཀྱི་རྡཱ་ཙུང་ཐུ་ནས་ཆེད་སྩལ། མོན་ཞོར་ཨི་འབེན་ཅན། རིམ་པ་ཅ་ཧོ་ཞེས་པའི་དཔོན་པོ། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་ནས་ཆེད་སྩལ། བློན་ཆེན་དགའ་ལྡན་བཤད་སྒྲ་བ་དཔལ་འབྱོར་རྡོ་རྗེ་བསྐོ་གཞག་མཛད་ཐོག །ཕན་ཚུན་སོ་སོའི་དབང་ཆ་འཐུས་ཚང་ཡོད་པ་ལག་འཁྱེར་ངོ་མ་མིག་མཐོང་བྱུང་བ་ནས་བཟུང་ཕན་ཚུན་ཡིག་འགྲུལ་མཛད་པ་གཤམ་གསལ་གྱི་ཆིངས་ཡིག་དོན་ཚན་བཅུ་གཅིག་འཁོད་པར་ཆ་གནས་མཛད་ཡོད།

དོན་ཚན་དང་པོ། ཟུར་ཐོར་གསལ་བའི་ཆིངས་ཡིག་གི་ནང་དོན་གང་ཡོད་དེ་ད་ལྟའི་ཆིངས་ཡིག་འདི་ལ་བསྒྱུར་བཀོད་དུ་འགྲོ་གཞིའམ། མ་མཐུན་པ། གོ་ལྡོག་ཏུ་འགྱུར་བའི་རིགས་མ་ཡིན་པའི་ཚིག་གཞི་གང་ཡོད་ལ་ཕན་ཚུན་གྱི་དོ་བདག་ནས་གཞུང་ས་རྣམས་ནས་བརྩི་འཇོག་གནང་དགོས།

དོན་ཚན་གཉིས་པར། དབྱིན་གཞུང་དང༌། རྒྱ་ནག་གཞུང་ནས་བོད་ལྗོངས་འདི་བཞིན་ཕྱི་རྒྱར་རྒྱ་ནག་གི་མངའ་ཁོངས་ཡིན་དབང་བརྩིས་ཀྱང༌། བོད་ཕྱི་མའི་ནང་དོན་རྒྱལ་ཁག་རང་དབང་རང་བཙན་ཡིན་པ་མཁྱེན་ཆོད་ལྟར་ཆ་འཇོག་གནང་ནས་མངའ་ཁོངས་ས་མཚམས་ལ་དབྱེ་ཕྲི་དང༌། བོད་ཕྱི་མའི་ནང་དོན་དབང་བྱུས། ཏཱ་ལའི་བླ་མའི་སྐུ་སྐྱེ་ངོས་འཛིན་དང༌། ཁྲི་གསོལ་སོགས་ལ་ཐེ་ཚོགས་གཏན་ནས་མི་བྱེད་པར་ཚད་དབང་གང་ཡོད་ཚང་མ་ལྷ་ལྡན་བོད་གཞུང་རྒྱལ་ཁབ་རང་ནས་གནང་རྒྱུ་ཁས་ལེན་བྱས། རྒྱ་ནག་གཞུང་ནས་བོད་ཡུལ་འདི་ཉིད་རྒྱའི་ཞིང་ཆེན་དུ་མི་འགྱུར་བ་ཁས་ལེན་བྱས། དབྱིན་ཇི་གཞུང་ནས་ཀྱང་བོད་དང༌། བོད་ཀྱི་སའི་ཆ་ཤས་ཙམ་ཡང་བདག་བཟུང་མི་བྱེད་པ་ཁས་ལེན་བྱས།

དོན་ཚན་གསུམ་པར། རྒྱ་གར་རྒྱལ་ཁག་དང༌། དེ་འབྲེལ་རྒྱལ་ཕྲན་རྣམས་དང༌། བོད་གཞུང་ས་འདྲེས་ལ་བརྟེན་ས་མཚམས་ཉེ་འདབས་བདེ་འཇགས་དང༌། བོད་དུ་ཆབ་སྲིད་གཏན་གཏན་དགོས་པ་དབྱིན་གཞུང་ལ་ཁྱད་པར་ཆེན་པོ་ཡོད་པར་ཆ གནས་བྱུང་དོན་རྒྱ་ནག་གཞུང་ནས་ཆིངས་ཡིག་འདིའི་དོན་ཚན་བཞི་པའི་ཚིག་དོན་ལྟར་མ་གཏོགས་བོད་ཕྱི་མར་དམག་མི་མི་གཏོང་བ་མ་ཟད། ཞི་དྲག་དཔོན་རིགས་མི་འཇོག་པ་དང༌། རྒྱ་ནག་གི་དཔོན་དམག་དེ་འདྲ་ཆིངས་ཡིག་འདི་བཞིན་རྟགས་འཇོག་སྐབས་བོད་ཕྱི་མའི་ནང་ལ་ཡོད་རུང༌། ཟླ་གསུམ་མི་འགྱངས་པར་ཕྱིར་འཐེན་བྱེད་རྒྱུར། དབྱིན་གཞུང་ནས་ཀྱང་འདས་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་༩ ཚེས་༧ ལ་དབྱིན་བོད་བར་བཞག་པའི་ཆིངས་ཡིག་གི་འབྲུ་དོན་ལྟར་མ་གཏོགས་བོད་ལ་ཞི་དྲག་དཔོན་རིགས་མི་འཇོག་པ་དང༌། སྐུ་ཚབ་རྣམས་ཀྱི་སྐུ་སྲུང་ལས་ལྷག་པའི་དམག་མི་མི་འཇོག་པ་མ་ཟད། མི་སེར་ས་ཞིང་འདེབས་འཁོས་ཀྱིས་གཞིས་ཆགས་གཏན་སྡོད་མི་འཇུག་པར་ཁས་ལེན་བྱས།

དོན་ཚན་བཞི་པར། གོང་གསལ་དཔྱད་མཚམས་བྱུང་རུང༌། ལྷ་སར་རྒྱ་ནག་གི་དཔོན་པོ་ཆེ་བ་གཅིག་བཞག་སྲོལ་འདུག་པར་སྐུ་སྲུང་བབས་མཚུངས་དང་བཅས་བཞག་ཆོག་པ་བྱས་ཡོད། ཡིན་ཀྱང་སྐུ་སྲུང་ཐད་མི་གྲངས་བརྒྱ་ལས་ལྷག་པ་གཏན་ནས་བཞག་མི་ཆོག་པ་བྱས་ཡོད།

དོན་ཚན་ལྔ་པ། བོད་སྐོར་རྒྱ་ནག་དང༌། བོད་རྒྱལ་ཁབ་གཉིས་ནང་ཚགས་ལ་ཆིངས་ཡིག་དང༌། གན་རྒྱ་བཞག་མི་ཆོག་པ་མ་ཟད། རྒྱལ་ཁབ་གཞན་དག་དང་ཡང་མི་འཇོག་པ་རྒྱ་བོད་གཉིས་ཀྱིས་ཁས་ལེན་བྱས་ཡོད། ཡིན་ཀྱང་དབྱིན་བོད་གཉིས་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་༩ ཚེས་༧ ལ་བཞག་པའི་ཆིངས་ཡིག་དང༌། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དང་དྲུག་ཟླ་༤ ཚེས་༢༧ ལ་དབྱིན་ཇི་དང༌། རྒྱ་ནག་བར་བཞག་པའི་ཆིངས་ཡིག་གི་འབྲུ་དོན་ལྟར་དབྱིན་གཞུང་དང་ཆིངས་གན་བཞག་ཆོག་པ་བྱས་ཡོད།

དོན་ཚན་དྲུག་པར། དབྱིན་ཇི་དང༌། རྒྱ་ནག་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དང་དྲུག་ཟླ་༤ ཚེས་༢༧ ལ་བཞག་པའི་ཆིངས་གསལ་དོན་ཚན་གསུམ་པ་འདི་བཞིན་བརྩི་འཇོག་མ་དགོས་པ་བྱས་ཡོད། དབྱིན་བོད་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དང་བཞི་ཟླ་༩ ཚེས་༧ ལ་བཞག་པའི་ཆིངས་ཡིག་དོན་ཚན་དགུ་པའི་ང་པར་རྒྱལ་ཁབ་གཞན་དག་ཅེས་པ་དེ་ནང་རྒྱ་ནག་མ་ཚུད་པ་བྱས་ཡོད། རྒྱ་ནག་གམ། རྒྱལ་ཁབ་དགའ་ཉེ་གཞན་དག་ལ་གནང་བའི་ཚོང་བྱུང་བདེ་ཐབས་དེ་བཞིན་དབྱིན་ཇིའི་ཚོང་ཟོག་ལ་ཡང་གནང་དགོས།

དོན་ཚན་བདུན་པ། ཀ་པར་ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་དགུ་བཅུ་གོ་གསུམ་དང༌། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ལ་བཞག་པའི་ཚོང་གི་འགྲོ་ལུགས་ཆིངས་ཡིག་རྣམས་ལ་བརྩི་འཇོག་མེད་པ་བྱེད་རྒྱུ་བྱས། ཁ་པར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ལ་བཞག་པའི་ཆིངས་ཡིག་གི་དོན་ཚན་གཉིས་པ་དང༌། བཞི་པ། ལྔ་པའི་འབྲུ་དོན་ལ་བརྩི་འཇོག་ཡོང་བའི་ཆེད་དུ་བོད་གཞུང་ནས་དབྱིན་ཇིའི་གཞུང་དང༌། བོད་ཕྱི་བར་ཚོང་གི་འགྲོ་ལུགས་གསར་བཟོ་ལམ་སེང་བྱ་རྒྱུའི་ཁས་ལེན་བྱས་ཡོད། ཡིན་ཀྱང་རྒྱ་གཞུང་དང་མ་བསྟུན་པར་ཆིངས་ཡིག་འདིར་བསྒྱུར་བཅོས་སུ་འགྲོ་གཞིའི་ཚོང་གི་འགྲོ་ལུགས་ཆིངས་ཡིག་མི་འཇོག་རྒྱུ་བྱས།

དོན་ཚན་བརྒྱད་པར། དབྱིན་བོད་གཉིས་བར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་༩ ཚེས་༧ ལ་བཞག་པའི་ཆིངས་ཡིག་གི་དོན་བཞིན་བོད་གཞུང་ལ་བཀའ་མོལ་ཞུ་དགོས་བྱུང་ན་རྒྱལ་རྩེ་ནས་ཡིག་འགྲུལ་ལ་སོགས་པས་ཐག་ཆོད་མིན་ཡོང་འདུག་པ་རྒྱལ་རྩེར་བཞུགས་པའི་དབྱིན་གཞུང་སྐུ་ཚབ་སྐུ་སྲུང་འཁྲིད་ནས་ལྷ་སར་འགྲོ་ཆོག་པ་བྱས་ཡོད།

དོན་ཚན་དགུ་པར། ཆིངས་ཡིག་འདིར་རྩ་འཛིན་བདེ་ཆེད་དུ་བོད་ཀྱི་ས་མཚམས་ས་ཁྲ་ཟུར་ཡོད་ལ་རྟགས་དམར་པོ་དང༌། བོད་ནང་མ་དང་ཕྱི་མའི་ས་མཚམས་ལ་རྟགས་སྔོན་པོ་རྒྱབ་ཡོད་པ་ལྟར་ཡིན། ད་ལྟའི་ཆིངས་ཡིག་འདིའི་ཚིག་དོན་གང་ཡོད་རུང༌། བོད་ནང་མར་བོད་གཞུང་གི་དབང་ཆ་ཐོབ་ཐང་ཡོད་མུས་ཚང་མ་རང་འཇགས་ལ་ལྷག་དོན་དགོན་ཁག་སོ་སོའི་བླ་མ་བསྐོ་གཞག་དང༌། ཆོས་སྡེའི་སྐོར་སོགས་བསྒྱུར་བཀོད་ཀྱི་དབང་ཆ་ཚང་མར་གནོད་འགལ་ཉམས་ཆག་ཏུ་མི་འགྲོ་བ་བྱས་ཡོད།

དོན་ཚན་བཅུ་པར། ད་ལམ་ཆིངས་འདི་བཞིན་དབྱིན་ཡིག །རྒྱ་ཡིག །བོད་ཡིག་རྣམས་ཡི་གེ་བསྒྱུར་སྐབས་གོ་བསྡུར་གཏན་ཏིག་བྱས་ཡོད་པ་གོ་ཕྱོགས་ལོག་གླེང་བྱུང་ན་དབྱིན་ཡིག་ཏུ་གསལ་བ་དེ་རང་ལ་སོར་གནས་བྱ་རྒྱུ།

དོན་ཚན་བཅུ་གཅིག་པར། ད་ལམ་ཆིངས་ཡིག་འདི་བཞིན་ལག་རྟགས་རྒྱབ་པ་ནས་བཟུང་བརྩི་འཇོག་བྱ་རྒྱུ། ཆིངས་ཡིག་འདི་བཞིན་དབྱིན་རྒྱ་བོད་བཅས་ཀྱི་ཡི་གེ་འདྲ་གསུམ་རེའི་ཐོག་སྐུ་ཚབ་སོ་སོའི་ཐམ་ག་དང༌། མིང་རྟགས་འཁོད་ཡོད། སིམ་ལར། ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི། ཟླ་བ་འཇུ་ལའི་ཏ་རིག་གསུམ། རྒྱ་ལུགས་མི་སེར་རྒྱལ་ཁབ་ཀྱི་ལོ་གསུམ་པའི་ཟླ་བདུན་པའི་ཚེས་གསུམ། བོད་ལུགས་ཤིང་སྟག་ཟླ་༥ ཚེས་༡༠ ལ།

 

ཟུར་ཐོ།

དང་པོར། ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་དགུ་བཅུ་ཟླ་༣ པའི་ཚེས་༡༧ ཉིན་ཀ་ལ་ཀ་ཏར་དབྱིན་ཇི་དང༌། རྒྱ་ནག་བར་བོད་འབྲས་སྐོར་བཞག་པའི་ཆིངས་ཡིག ། གཉིས་པར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཞི་ཟླ་༩ ཚེས་༧ ཉིན་དབྱིན་བོད་ལྷ་སར་བཞག་པའི་ཆིངས་ཡིག །གསུམ་པར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་དྲུག་ཟླ་༤ ཚེས་༧ ཉིན་དབྱིན་གཞུང་དང༌། རྒྱ་གཞུང་བར་པེ་ཅིང་ལ་བཞག་པའི་ཆིངས་ཡིག ཚིག་འབྲུ་འདི་ལྟར་འཁོད་པའི་ཤོག་ལྷེ་སྣོན་འཇོག་བྱས་ཡོད།

དང་པོར། དོ་བདག་ཕན་ཚུན་ནས་བོད་ལྗོངས་འདི་བཞིན་རྒྱ་ནག་གི་ས་ཆའི་ཁོངས་གཏོགས་ཡིན་པར་ཆ་གནས་བྱས་ཡོད།

གཉིས་པར། ༸སྐྱབས་མགོན་ཏཱ་ལའི་བླ་མའི་སྐུ་སྐྱེ་ངོས་འཛིན་དང༌། ཁྲི་གསོལ་བོད་གཞུང་ནས་ཞུས་གྲུབ་ནས་རྒྱ་གཞུང་ལ་གསལ་ཆ་གཏོང་རྒྱུ་དང༌། རྒྱ་ནག་གི་ལྷ་བཞུགས་སྐུ་ཚབ་ནས་ཀྱང་དེ་དུས་རྒྱ་གཞུང་ནས་༸སྐྱབས་མགོན་ཏཱ་ལའི་བླ་མའི་གོ་གནས་དང་མཐུན་པའི་མཚན་རྒྱན་གནང་བ་ཚང་མ་སྙན་སེང་ཞུ་རྒྱུ།

གསུམ་པ། བོད་ཕྱི་མར་དཔོན་རིགས་བསྐོ་གཞག་གནང་རྒྱུ་ཚང་མའི་དབང་ཆ་གང་ཡོད་བོད་གཞུང་རང་ལ་ཡོད་པ་ཆ་གནས་བྱས་ཡོད།

བཞི་པ། རྒྱ་ནག་གཞུང་གི་ཚོགས་འདུ་ཆེན་མོ་དང༌། དེ་དང་འདྲ་བའི་ལས་ཁུངས་གང་སར་བོད་ཕྱི་མའི་འཐུས་མི་མི་འཛུགས་རྒྱུ།

ལྔ་པ། དབྱིན་ཇིའི་ཚོང་རའི་སྐུ་སྲུང་དམག་མི་གྲངས་འབོར་ཐད་ལྷ་བཞུགས་རྒྱ་ནག་སྐུ་ཚབ་ཀྱི་སྐུ་སྲུང་བརྒྱ་རེ་ལ་དབྱིན་ཇིའི་སྐུ་སྲུང་དམག་མི་བདུན་ཅུ་དོན་ལྔ་ལས་ལྷག་པ་མི་འཇོག

དྲུག་པ། དབྱིན་གཞུང་དང༌། རྒྱ་ནག་བར་ཕྱི་ལོ་ཆིག་སྟོང་བརྒྱད་བརྒྱ་དགུ་བཅུ་ཟླ་༣ ཚེས་༡༧ ལ་བཞག་པའི་ཆིངས་ཡིག་དོན་ཚན་གསུམ་པ་ལྟར་བོད་འབྲས་གཉིས་ཀྱི་ས་མཚམས་ལ་བོད་ཕྱོགས་ནས་ཚུར་རྒོལ་མི་འབྱུང་བ་རྒྱ་ནག་ནས་ཁས་ལེན་བྱས་པ་དེ་བཞིན་མ་དགོས་པ་བྱས།

བདུན་པ། ཆིངས་ཡིག་དོན་ཚན་གསུམ་པའི་འབྲུ་དོན་ལྟར་འགྲུབ་མ་ཐག་པའི་དོན་ཚན་བཞི་པར་གསལ་བའི་རྒྱ་དཔོན་ཆེ་བ་གཅིག་བསྐོ་གཞག་བྱས་པ་དེ་བཞིན་བོད་དུ་ཡོང་ཆོག་པ། དེ་ལྟར་འགྲུབ་ཡོད་མེད་ཆིངས་ཡིག་འདི་ལ་རྟགས་འཇོག་བྱེད་མི་གསུམ་གྱི་སྐུ་ཚབ་པས་ཞིབ་དཔྱོད་ཐོག་ལམ་སེང་སྙན་གསན་ཞུ་རྒྱུ།

ཞེས་ཆིངས་ཡིག་ངོ་མར་རྒྱ་ཕྱོགས་ནས་ས་ཡིག་ཕབ་ཟིན་པར་ལུགས་འགལ་བློ་འགྱུར་གྱི་ཐམ་ག་མ་བརྒྱབ་རུང༌། དབྱིན་བོད་གཉིས་ནང་མཐུན་ཐམ་ག་དང༌། ས་ཡིག་བརྒྱབ་ཡོད་དོ།།

 

༑དབྱིན་བོད་གཉིས་ནང་མཐུན་ཟུར་བཞག་ཆིངས་ཡིག

སྒེ་རེག་སྦི་རི་ཀྲན་དང༌། བོད་གཞུང་གི་བཀས་མངགས་ངོས་སྐུ་ཚབ་རྣམས་ནས་ད་ལམ་གཤམ་གསལ་གྱི་ཚིག་འབྲུ་ཡིག་ཐོག་བཀོད་དོན། ཆིངས་ཡིག་ཟུར་དུ་ཡོད་པ་དེ་བཞིན་དབྱིན་གཞུང་དང༌། བོད་གཞུང་ནས་བརྩི་འཇོག་བྱེད་རྒྱུ་ངོས་རྣམས་ངེས་ཡོད། རྒྱ་ནག་གཞུང་ནས་ཆིངས་ཡིག་དེར་རྟགས་འཛུགས་མ་བྱས་པར་ཆིངས་ཡིག་དེའི་ནང་རྒྱ་གཞུང་ལ་ཐོབ་དབང་གང་ཡོད་རུང་ཆ་གནས་མི་བྱེད་པ་བཅས་ཤོག་ལྷེ་འདི་བཞིན་ལ་ངོས་རྣམས་ནས་དབྱིན་བོད་ཡི་གེ་འདྲ་གཉིས་རེའི་ཐོག་ཐམ་ག་དང༌། མིང་རྟགས་བརྒྱབ་ཡོད། སིམ་ལར་ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བཅུ་བཞི་ཟླ་བ་འཇུ་ལའི་ཏ་རིག་གསུམ། བོད་ལུགས་ཤིང་སྟག་ཟླ་༥ ཚེས་༡༠ ལ།

 

གསལ་བཤད། གོང་དུ་ལོ་རྒྱུས་ཀྱི་ཡིག་ཆ་ངོ་མ་བཀོད་ཡོད་པས་གསལ་བཤད་མང་པོ་མི་དགོས་ཀྱང༌། སིམ་ལའི་ཆིངས་ཡིག་ལ་རྒྱ་གཞུང་གི་སྐུ་ཚབ་ཀྱིས་ས་རྟགས་བརྒྱབ་ཀྱང༌། རྗེས་མ་ཐམ་ག་མ་བརྒྱབ་པར་བརྟེན། རྒྱ་གཞུང་ལ་ཐོབ་དབང་གང་ཡོད་ཆ་གནས་མེད་པ་དབྱིན་བོད་གཉིས་ཀྱི་སྐུ་ཚབ་པས་ཟུར་ཆིངས་སུ་གསལ་བ་ལྟར་ལགས་ཤིང༌། གོང་དུ་བཀོད་པ་བཞིན་སིམ་ལའི་ཆིངས་ཡིག་ནང་ཁྱེད་ཀྱིས་བཤད་པ་བཞིན་ཧོར་སེར་ད་ར་ཁག་ལྔ་དང་། འབའ་ལི་རྒྱལ་གསུམ། རྒྱལ་རོང་ལྕགས་ལ་སོགས་ཁྲིམས་སྒོ་རང་བཙན་ག་འདྲ་བྱས་ནས་ཡིན། སིམ་ལའི་ཆིངས་ཡིག་གི་ནང་དུ་ཡུལ་དེ་ཚོའི་རྒྱ་སྡེའི་ཁོངས་ཡིན་པ་གསལ་པོ་བྱས་ནས་འཁོད་ཡོད་པ་རེད་ད། ཞེས་དངོས་ཡོད་གནས་ཚུལ་སིམ་ལའི་ཆིངས་ཡིག་ནང་ཁ་གསལ་ག་རེ་ཡོད། གོང་དུ་དྲངས་པ་དེས་གོང་གསལ་ཁྱེད་ཀྱིས་བཤད་པ་དེ་དག་ཁ་གསལ་བྱས་མི་འདུག་པས། ཁྱེད་ཀྱིས་ཁུངས་གང་ལ་གཏུགས་ནས་བཤད་པ་ཡིན།

ད་དུང་ཁ་གསལ་ཙམ་བཤད་ན། སིམ་ལའི་ཆིངས་ཡིག་བཞག་པའི་སྐབས་བོད་རྒྱ་ཁོངས་ཡིན་མིན་གྱི་རྩོད་རྙོག་བྱུང་ཡང༌། རྒྱ་གཞུང་ལ་ཚུལ་མཐུན་ཡིག་ཆ་སྟོན་རྒྱུ་མེད་པ་དང༌། བོད་གཞུང་གི་སྐུ་ཚབ་པས་རྒྱུ་མཚན་ཁུངས་སྐྱེལ་ཐུབ་ངེས་ཀྱི་ཐོག་ནས། དེབ་གཞི་ཆེན་པོ་ངོ་གྲངས་ལྔ་བཅུ་ང་དྲུག་སྤྱན་འབུལ་བྱས་ཏེ་དེ་ཚོ་ཚང་མར་ཆིངས་སར་ར་སྤྲོད་དུ་བྱུང་ཞེས་དེབ་སོ་སོའི་འགོར་ཕྱི་བློན་མེག་མོ་ཧན་གྱི་ལག་རྟགས་བརྒྱབ་ཡོད་པ་ལོ་རྒྱུས་ཡིག་ཆ་རུ་གསལ་བ་དང༌། ཁ་གསལ་ཡོད་པ། དཔེར་ན། དར་རྩེ་མདོས་གཙོས་ཧོར་སེར་ཁག་ལྔ་སོགས་ས་སྡེ་རྣམས་ཀྱི་སྒོ་ཁྲ་མིང་གཞུང༌། ཁྲལ་བསྡུ་ཁྲིམས་གནོན་བྱས་པའི་དེབ་གཞི། ས་ཐོ། ལས་བྱེད་དང་འགོ་ཁག་གི་མིང་ཤོག་དང༌། ཚིག་ཐོ་ཁག དགོན་པ་ཁག་ལ་མཆོད་རྒྱུན་སྦྱོར་འཇགས། མཆོད་ཕོགས་སྤྲོད་དེབ་དང༌། བཅའ་ཡིག མདོར་ན་ས་འདྲེས་ཕན་ཚུན་འབྲེལ་བ་བྱས་པ། གཞུང་ཕྱག་མཛོད་དུ་ཁྲལ་འབུལ་འབབ་ཕུལ་བ་དང༌། དམག་དུས་སྔ་ཕྱིར་ཞབས་འདེགས་ཞུས་དང་ཞུ་རྒྱུའི་གན་ཡིག དཔོན་འགོ་བསྐོ་གཞག་དང༌། ཆོ་ལོ་ཐམ་ག་གནང་བ་སོགས་ལོ་བརྒྱ་ཕྲག་གཉིས་སྔོན་གྱི་ཁུངས་སྐྱེལ་ཐུབ་ངེས་ཀྱི་ཡིག་ཆ་དེ་དག་གོང་གསལ་གྱི་དེབ་དེ་དག་གི་ཁོངས་སུ་ཡོད་པས། མཐར་རྒྱ་གཞུང་གི་སྐུ་ཚབ་པས་ཐམ་ག་མི་རྒྱག་པའི་གནས་ཚུལ་བྱུང་བ་རེད། ད་ལྟའི་ཆར་ཁག་ཅིག་གིས་ཁམས་ཀྱི་ཕྱེད་ཆེ་བ་དང༌། ཨ་མདོ་ཡོངས་རྫོགས་མཉམ་སྦྱར་བྱས་ནས་བོད་རིགས་ཡོངས་རྫོགས་གཅིག་གྱུར་ཅེས་པ་འདི་བརྟེན་ནས་རྒྱ་གཞུང་གིས་རང་སྐྱོང་མི་སྤྲོད་པ་ལས། བོད་རང་སྐྱོང་ལྗོངས་ཟེར་བ་གཅིག་པུ་ཡིན་ན། ལམ་སེང་སྤྲད་ངེས་ཀྱི་བསམ་ཚུལ་འཛིན་མཁན་ང་ཚོའི་སྤྱི་ཚོགས་ནང་ཡོད་པར་བརྟེན། བཀྲ་འགྱུར་ལགས་ཁྱེད་ཀྱང་དེ་ལྟ་བུ་བོད་ཀྱི་ལོ་རྒྱུས་ལ་རྒྱ་མིས་འཁྱོག་བཤད་བྱས་པ་ཁག་ཙམ་ལས་རང་ངོས་ནས་ཨ་མ་ལས་མི་ངོ་དང༌། སྒྱེད་པུ་ལས་ས་ངོ་མི་ཤེས་མཁན་གྱི་ལྟ་རྒྱ་མཐོང་རྒྱ་ཆུང་ཆུང་ཞིག་མིན་པའི་རེ་བ་ཡོད། སིམ་ལའི་ཆིངས་ཡིག་ཏུ་གང་གསལ་ཞིབ་ཀློག་གིས་དབྱེ་ཞིབ་དང་འབྲེལ་བའི་བགྲོ་གླེང་གང་མང་གནང་རྒྱུའི་རེ་བ་ཆེན་པོ་ཡོད། བསོད་ནམས་ཚེ་རིང་པས།

ཤིང་སྟག་སིམ་ལའི་ཆིངས་ཡིག་སྐབས་དབྱིན་བོད་གཉིས་ཀྱི་སྐུ་ཚབ་པས་མཚན་རྟགས་དང་ཐམ་ག་འཁོད་པའི་ས་ཁྲ་འདི་རང་བཙན་དྲ་རྒྱ་ནས་དྲངས།