བཅའ་ཁྲིམས་བསྐྱར་བཅོས་དང་བཀའ་ཁྲི་ལན་གསུམ།

སྙན་ཞུ་དོན་ཚན་དྲུག་ཅན་ཞིག་འདི་ལོའི་ཟླ་༦ པའི་ཚེས་༡༢ ཉིན་དཔལ་ལྡན་སྐུ་སྒེར་ཡིག་ཚང་དང་བཀའ་ཤགབོད་མི་མང་སྤྱི་འཐུས་ལྷན་ཚོགས་སོགས་སུ་ཕུལ་ཡོད་པ་རེད། རྗེས་སུ་སྙན་ཞུ་དེའི་སྐོར་ལ་གླེང་གཞི་ཞིག་གང་སར་ཁྱབ་སྐབས། ཧུན་སུར་རབ་རྒྱས་གླིང་གི་མང་ཚོགས་ཀྱི་ནང་ལ་ཡང་སྙན་ཞུ་དེ་མི་སྣ་རེ་ཟུང་གི་བསམ་ཚུལ་ལས་མང་ཚོགས་ལ་བགྲོ་གླེང་དང་དྲི་བ་དྲིས་ལན་སོགས་བྱེད་བཅུག་མེད་པ་དང༌། མང་ཚོགས་ནང་བསམ་ཚུལ་དེ་འདྲ་ཞིག་འདོན་མཁན་མེད་པས་མ་ཚད། དགག་པ་རྒྱག་མཁན་ཡང་བྱུང་ཡོད་པ་དང། ཧུན་སོར་སེར་སྐྱ་མི་མང་སྤྱི་མགྲིན་ནས་ཟེར་བ་དངོས་ཡོད་མིན་ཚུལ་སོགས་ཀྱི་གླེང་སློང་བྱུང་བཞིན་ཡོད་འདུག
    ཟླ་འདིའི་ཚེས་༡ ཉིན་ཧུན་སོར་ས་གནས་སུ་བསྐྱོད་སྐབས་གོང་གི་སྙན་ཞུའི་སྐོར་འབྲེལ་ཡོད་མི་སྣ་དང་མང་ཚོགས་དཀྱུས་མ་ཁག་ཅིག་ལ་དངོས་ཡོད་གནས་ཚུལ་དང་བསམ་ཚུལ་གང་ཡིན་རྒྱུས་ལོན་ཆེད་བཅར་འདྲི་བྱས་པ་ཡིན།
    ཐོག་མར་ས་འཐུས་ཚོགས་གཙོ་བརྩོན་འགྲུས་རབ་རྒྱས་ལགས་སུ་བཅར་འདྲི་བྱེད་སྐབས། ཁོང་གིས་གསུང་དོན། “དེ་མི་ཁ་ཤས་ཤིག་གིས་བསམ་ཚུལ་བསྡུས་པ་ཞིག་མ་རེད། དང་པོ་མི་མང་ནང་ནས་གླེང་གཞི་བྱུང་བ་རེད། དེ་ནས་ང་ཚོ་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དྲུག་བཀའ་མོལ་བྱུང་བའི་ཐོག་ལ་གྲོས་མཐུན་བྱུང། ས་གནས་འཐུས་མི་དང་རང་བདེན་ཚོགས་ཆུང༌། གཞོན་ནུ་དང་བུད་མེད། མཉམ་འབྲེལ་ཁག་གི་སྐུ་ཚབ། སྤྱི་མི་དང་བརྒྱ་དཔོན། དེ་ནས་གཞིས་ཆགས་སོ་སོའི་བརྒྱ་དཔོན་དང་སྤྱི་མི་ཚོ་ཚོགས་འདུ་འཚོགས། དེའི་ཐོག་ལ་གསལ་བཤད་བྱས་ནས་ཚང་མས་རྒྱབ་སྐྱོར་བྱས་སོང༌། རྒྱབ་སྐྱོར་བྱས་པའི་རྗེས་སུ་གྲོང་སྡེ་སོ་སོར་ང་ཚོ་ཚོགས་པའི་སྐུ་ཚབ་མར་བཅར་ནས་མི་མང་ལ་གནད་དོན་དེ་དག་གསལ་བཤད་བྱེད་སྐབས་མི་མང་ཕལ་ཆེར་བརྒྱ་ཆ་བརྒྱ་ཐམ་པས་རྒྱབ་སྐྱོར་བྱས་སོང༌། ཡིན་ནའང་ང་ཚོ་ཚོགས་པས་ལས་འགུལ་སྤེལ་བར་རྒྱབ་སྐྱོར་དགོས་པར་ཨུ་ཚུགས་བརྒྱབ་པ་ཞིག་མིན། ཁྱེད་རང་ཚོས་འདོད་མོས་གྱིས། མིང་རྟགས་འགོད་དུ་ཕེབས་མཁན་ཡོད་ན་ཕེབས་ཤོག མེད་ན་འདོད་པ་རེད་ཞུས་ཡོད། ཡང་དེ་ལ་ང་ཚོས་ཆབ་སྲིད་ཀྱི་ཐོག་ནས་སྐུལ་སློང་བྱས་པ་དེ་འདྲ་རྩ་བ་ནས་མིན། མཐའ་མ་མི་ཆིག་སྟོང་ལྔ་བཅུ་ཐམ་པས་མཚན་རྟགས་བཀཽད་ནས་ཡར་སྐུ་སྒེར་དང་སྤྱི་འཐུས་ལྷན་ཁང༌། བཀའ་ཤག བཀའ་བློན་སྐུ་སྒེར་བཅས་ལ་སྙན་ཞུ་དེ་ཕུལ་ཡོད།” ཅེས་བརྗོད་སོང།
    དེ་ནས་གྲོང་སྡེའི་མི་སེར་ཁག་ཅིག་ལ་བཅར་འདྲི་བྱེད་སྐབས། ས་འཐུས་ཀྱི་འཐུས་མི་ཡིན་པ་སྲི་ཐར་ལགས་ཀྱིས་གསུང་དོན། “ཉིན་ཞིག་ཚོགས་འདུ་བསྐོངས་སོང། ངས་སྐད་ཆ་དེ་འདྲ་ཞིག་གོ་སོང། དེ་ག་འདྲ་རེད་ཅེས་ཚོགས་འདུའི་ཐོག་ངས་ལབ་པ་ཡིན། དེ་ཕལ་ཆེར་ངས་བལྟས་ན་ཁོ་ཚོ་མི་ཁ་ཤས་གྲོས་བསྡུར་བྱས་ནས་དེ་འདྲ་བྱས་པའི་བཟོ་འདྲ་བོ་ཞིག་ཁོ་ཚོས་འགྲེལ་བཤད་བརྒྱབ་ཡོང་གི་འདུག རང་བདེན་ཚོགས་ཆུང། གཞོན་ནུ་བུད་མེད་དེ་ཚོས་རྒྱབ་སྐྱོར་ཡོད་པ་རེད་ཅེས་དེ་འདྲ་ཞིག་བཤད་སོང། ཡིན་ཡང་ང་ལ་མོས་མཐུན་མེད། སྤྱིར་བཏང་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་བཞུགས་རོགས་བྱས་ན་འདོད་པ་མེད་མཁན་ཞིག་ཡོད་པ་མ་རེད། ང་རང་ཚོར་འདོད་པ་ཡོད། ཡིན་ཡང་ང་ཚོ་ཁྲིམས་བཟོའི་སྡེ་ཚན་ཞིག་ཡིན་པའི་ཆ་ནས་མར་མི་མང་ལ་སྐུལ་མ་བྱས་ན་ཡོང་གི་ཨེ་ཡོད། མི་མང་ཚོ་རང་གིས་ཡར་བསམ་ཚུལ་ཡོང་བ་ཡིན་ན། ང་ཚོས་བསམ་དང་མ་བསམ་མ་རེད། དེ་བྱེད་དགོས་པ་རེད་ཅེས་ལབ་པ་ཡིན། དེ་མི་མང་ཚང་མའི་བསམ་ཚུལ་ཞིག་ཡིན་མིན་ཞེ་དྲག་ཁག་པོ་རེད་བསམ་གྱི་འདུག ངས་དེ་ཏག་ཏག་ཞིག་སྡོད་ཀྱི་མི་འདུག་བསམ་གྱི་འདུག་”ཅེས་བརྗོད་སོང༌།
    ཚེ་དབང་ཞེས་པའི་ཕོ་སར་ཞིག་གིས་གསུང་དོན། “ཟམ་གདོང་རིན་པོ་ཆེས་ག་ཚོད་བར་དུ་བཀའ་བློན་གནང་གི་རེད། ང་རང་ངོས་ནས་བསམ་བློ་བཏང་ན། བཅའ་ཁྲིམས་ལ་འགྱུར་བ་གཏོང་ཟེར་བ་དེ་འདྲ་འབྲེལ་བ་མེད་པ་མཐོང་གི་འདུག འགྲིག་གི་ཨེ་ཡོད་ན། ད་ལྟ་ནས་ཅིག་བཙལ་ནས་བཞག་པ་ཡིན་ན། རིན་པོ་ཆེས་ལམ་སྟོན་གནང་གིན་གནང་གིན་བྱས་ན་འགྲིག་གི་རེད། ཁ་ཐུག་ཁ་ཐུག་ལ་བཅའ་ཁྲིམས་འགྱུར་བ་གཏོང་ཟེར་ན་ག་འདྲ་ཞིག་ཡིན་ནམ། རིན་པོ་ཆེ་ཁོང་གིས་ཀྱང་དེ་འདྲ་ཡོད་པ་མ་རེད་གསུང་གི་མི་འདུག་གམ། ངས་མིང་རྟགས་བརྒྱབ་མེད་”ཅེས་བརྗོད་སོང།
    ཚེ་རིང་གིས་གསུང་དོན། “ཁོ་རང་ཚོས་བརྒྱ་དཔོན་དང་སྤྱི་མིས་མང་མོས་ཆགས་སོང་ཟེར་ནས། གྲོང་སྡེའི་ནང་ནས་ས་ཡིག་བསྡུས་པ་རེད། དེ་དུས་ས་ཡིག་རྒྱག་མི་རྒྱག་སོ་སོའི་འདོད་པ་རེད། དྲི་བ་དྲིས་ལན་མེད་ཟེར་གྱི་འདུག དེ་ཏག་ཏག་ཞིག་བསྡད་མི་འདུག ཡང་ང་ཚོའི་ཚོགས་ཁང་ནང་ལ་ཚོགས་འདུ་ཞིག་འཚོགས་འདུག དེའི་ནང་ལ་ཡང་མིང་རྟགས་རྒྱག་མི་རྒྱག་ཁྱེད་རང་ཚོའི་འདོད་པ་རེད། དྲི་བ་དྲིས་ལན་མེད་ལབ་པ་རེད། དེ་ལ་འདོད་པ་མེད་མཁན་མང་པོ་ཞིག་ཡོད་པ་རེད། ཁ་ཤས་ཀྱིས་ཚོགས་ཁང་ནང་ནས་འདོད་པ་མེད་ཞུས་སོང་ལ། ང་ཚོ་ཡིན་ཡང་འདོད་པ་མེད། གང་ཡིན་ཟེར་ན་ད་ལྟ་བར་དུ་རིན་པོ་ཆེས་གནང་བ་རེད། ཡིན་ཡང་བཅའ་ཁྲིམས་ལ་འགྱུར་བ་གཏོང་རྒྱུར་ང་ཚོར་འདོད་པ་མེད། དེ་བཞིན་གསལ་བསྒྲགས་ནང་མི་མང་སྤྱི་མགྲིན་ནས་ཞེས་བྲིས་པ་འགྲིག་གི་མི་འདུག བརྒྱ་ཆ་བྲིས་ན་ཆོག་གི་རེད། མི་མང་ནང་གཅིག་གིས་མིང་རྟགས་བརྒྱབ་དུས་བང་བསྒྲིགས་ནས་འགྲོ་འཇོག་གི་འདུག དེ་ང་རང་ལ་ཆ་བཞག་ན་འདོད་པ་མེད། དངོས་གནས་བྱས་ན་མི་མང་གིས་ཡར་ཞུ་དགོས་པ་རེད་དེ། ཁོང་ཚོས་སྒང་ནས་མར་དེ་འདྲ་བྱས་ན་ག་འདྲ་རེད། གྲོང་སྡེའི་ནང་ལ་དེ་འདྲ་ཕྱིན་པ་ཡིན་ན་མི་མང་ལ་གནོན་ཤུགས་ཀྱིས་མིང་རྟགས་རྒྱག་གི་རེད། རྗེས་མ་མི་མང་ལ་ས་ཡིག་བརྒྱབ་པ་ཡིན་ནམ་ཞེས་དྲིས་དུས། ཚང་མས་རྒྱག་གི་འདུག མ་བརྒྱབ་ན་འགྲིག་གི་མི་འདུག་ཟེར། དེ་འདྲ་རེད་”ཅེས་བརྗོད་སོང༌། གཞན་ཡང་བླ་མ་རྒྱུད་པའི་དྲུང་ཡིག་ཉི་མ་རྡོ་རྗེ་ལགས་ཀྱིས་གསུང་དོན། “སྤྱིར་བཏང་ཁོ་རང་ཚོ་ས་གནས་འདིའི་གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཚང་མའི་མི་སྣ་རེད་དེ། དམིགས་བསལ་མང་ཚོགས་ནང་ནས་བགྲོ་གླེང་བྱས་ནས་ཚོགས་ཆུང་བཟོས་པ་ཞིག་གང་ཡང་མ་རེད། ཁོ་རང་ཚོས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་སླར་ཡང་བཀའ་ཁྲིར་བསྐོ་རྒྱུ་དང་བཅའ་ཁྲིམས་ལ་འགྱུར་བ་གཏོང་རྒྱུ། ཁོ་རང་ཚོས་མར་གསུངས་པ་ནང་བཞིན་གྲོང་སྡེའི་ནང་དུ་ཕྱིན་ནས་ཡར་གཞུང་ལ་སྙན་ཞུ་ཕུལ་གྱི་ཡོད། ཁྱེད་རང་ཚོར་འདོད་པ་ཡོད་ན་མིང་རྟགས་རྒྱོབས། མེད་ན་མ་བརྒྱབ་ཀྱང་འགྲིག་གི་རེད་ཅེས་བཤད་པ་རེད། དེ་འདྲ་བྱས་ཡོང་དུས་མང་ཚོགས་ནས་བསམ་ཚུལ་བྱུང་བ་རྩ་བ་ནས་མ་རེད། ཚོགས་ཆེན་འཚོགས་འདུག བརྒྱ་དཔོན་ཚོ་གྲོང་སྡེ་ལ་ཕྱིན་སྐབས་ཀྱང་མི་མང་གིས་ཡར་བསམ་ཚུལ་ཞུ་རྒྱུའི་གོ་སྐབས་ཤིག་རག་ཡོད་ས་མ་རེད་ལ། མི་མང་གིས་བགྲོ་གླེང་དང་བསམ་ཚུལ་ཞུ་མཁན་ཞིག་རྩ་བ་ནས་བྱུང་མི་འདུག ད་ལྟ་ཉན་བསྡད་དུས་མང་པོ་ཞིག་གིས་མགོ་མ་ཚོས་པར་ས་ཡིག་བརྒྱབ་པའི་གནས་ཚུལ་ཡང་བྱུང་ཡོད་ཚོད་འདུག་”ཅེས་འགྲེལ་བརྗོད་གནང་སོང༌།
    རྫོང་དཀར་ཆོས་སྡེའི་སྐལ་བཟང་ལགས་ཀྱིས་གསུང་དོན། “ང་རང་གི་ནང་ལ་ཆ་གཞག་པ་ཡིན་ན། བརྒྱ་དཔོན་གྱིས་ས་ཡིག་རྒྱག་སའི་མིང་གཞུང་ཞིག་བཞག་འདུག བརྒྱ་དཔོན་ཡང་འབྱོར་སོང༌། ཁོང་གིས་སྐལ་བཟང་ལགས་ཁྱེད་རང་གིས་མིང་རྟགས་འགཽད་དགོས་རེད་གསུངས་སོང༌། དེ་ག་རེ་རེད་ཞུས་དུས། བཀའ་བློན་ཁྲི་པ་འདེམས་ཕྱོགས་དེའི་ཐོག་ལ་རེད་ཟེར། འདིའི་ཐོག་ང་ལ་མོས་མཐུན་རྩ་བ་ནས་མེད། ངས་མིང་རྟགས་རྒྱག་གི་མིན་ཞུས་པ་ཡིན་”ཞེས་དང། ཡང་ཁོང་གིས། “དེ་མི་མང་སྤྱིའི་བསམ་ཚུལ་ཞིག་རེད་ཅེས་ངས་ཁས་ལེན་ཞུ་ཐུབ་ཀྱི་མི་འདུག དངོས་གནས་བྱས་ན། མང་ཚོགས་ཀྱི་ངོས་ནས་ཡར་བསམ་ཚུལ་ཐོན་དགོས་པ་ཞིག་རེད་དེ། མང་ཚོགས་ཀྱི་ངོས་ནས་ཡར་ཤུགས་རྒྱག་མཁན་ཞིག་ཏན་ཏན་བྱུང་ཡོད་ཀྱི་མ་རེད་བསམ་གྱི་འདུག ཁོང་ཚོ་འགའ་ཤས་ཤིག་གིས་འགན་ཁུར་ནས་གནང་ཡོད་པ་རེད། དེས་མང་ཚོགས་ཀྱི་མང་མོས་མཚོན་གྱི་རེད་དམ་ཟེར་ན། བརྒྱ་ཆ་བརྒྱ་ཐམ་པ་མཚོན་གྱི་མ་རེད་བསམ་གྱི་འདུག ཁོ་རང་ཚོས་གསལ་བསྒྲགས་གནང་བ་དེ་ཧུན་སུར་མི་མང་སྤྱིའི་མགྲིན་ཚབ་པའི་བཟོ་འདྲ་བོ་གནང་འདུག དེ་ལ་རྩ་བ་ཉིད་ནས་ངོས་ལེན་བྱེད་ཐུབ་རྒྱུ་མི་འདུག་ཞུ་རྒྱུ་ཡིན་”ཞེས་བརྗོད་སོང༌། ཡང་ཚེ་དབང་ཟེར་བ་ཞིག་ལ་དྲིས་སྐབས། ཁོང་གིས། “ང་ལ་འདོད་པ་གཅིག་ཀྱང་མེད། དེ་ཁོ་རང་ཚོ་མི་ཁ་ཤས་ཤིག་གིས་བཀའ་བློན་ཁྲི་པ་རང་འཇགས་དགོས་ཀྱི་རེད་ཅེས་འགྲེལ་བཤད་ཅིག་བརྒྱབ་ནས་རྒྱ་ཆེའི་མང་ཚོགས་ནང་ས་ཡིག་ཅིག་བརྒྱབ་ཡོད་ས་རེད། ང་ཚོགས་འདུ་ལ་སོང་མེད། མི་མང་ཚོ་འགོ་ལ་འདུག་མཁན་ཚོས་གང་བྱས་བྱས་འདྲ་བོ་རེད། གཉོམ་ཆུང་རེད། དེ་འདྲ་ཡིན་དུས་ཁོ་རང་ཚོ་མི་ཁ་ཤས་ཀྱིས་ཕྱག་ལས་གནང་བཞག་པ་དེ་དངོས་གནས་བཅའ་ཁྲིམས་དང་མི་མཐུན་པ་རེད། ང་རང་ལ་མོས་མཐུན་གཅིག་ཀྱང་མེད། མིང་རྟགས་བརྒྱབ་མེད་ལ་གང་ཡང་བྱས་མེད་”ཅེས་བརྗོད་སོང། མི་མང་གིས་མིང་རྟགས་བརྒྱབ་པ་དེ་ཁོང་ཚོར་རྒྱབ་སྐྱོར་བྱས་པ་ལས། མི་མང་རང་གི་དགོས་འདུན་དང་བསམ་ཚུལ་མ་རེད་ཅེས་བཤད་མཁན་འདུག དེ་ལ་དགོངས་ཚུལ་གང་ཡོད་དྲིས་པར། ཁོང་གིས། “དེ་བདེན་པ་ཡིན་གྱི་རེད། གང་ཡིན་ཟེར་ན་མི་མང་མང་ཆེ་བས་ཧ་གོ་ཡི་ཡོད་པ་མ་རེད། མི་གཅིག་གཉིས་ཤིག་གིས་ས་ཡིག་བརྒྱབ་ན་ཚང་མས་རྒྱག་དགོས་རེད་བསམས་ནས་མཆོང་འཇོག་གི་རེད། དེ་འདྲ་ཡིན་དུས་ཞེ་དྲག་ཧ་གོ་མཁན་ཡོད་མ་རེད། ང་ཚོའི་གཞིས་ཆགས་ནང་ལ་ས་ཡིག་ཅིག་བརྒྱབ་དུས་བརྒྱ་ཆ་གསུམ་ནས་བརྒྱ་ཆ་གཉིས་ཀྱིས་བརྒྱབ་ན། བརྒྱ་ཆ་གཅིག་སྡོད་མ་ཤེས་པ་འདྲ་བོ་ཆགས་ནས་ཚང་མས་ས་ཡིག་རྒྱག་འགྲོ་བ་སྤྱིར་བཏང་གི་ལུགས་སྲོལ་འདྲ་བོ་དེ་འདྲ་བྱེད་ཀྱི་ཡོད་པ་རེད་”ཅེས་བརྗོད་སོང༌།
    དེ་ནས་བསྐྱར་དུ་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་ཀརྨ་ཚེ་རིང་ལགས་སུ། ཧུན་སུར་མི་མང་སྤྱི་མགྲིན་ནས་བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ལ་བསྒྱུར་བཅོས་དགོས་པ་དང་བཀའ་ཁྲི་རིན་པོ་ཆེ་བསྐྱར་དུ་བཞུགས་དགོས་པའི་སྙན་ཞུ་དེ། དེང་སྐབས་མི་མང་ནས་ཡར་བསམ་ཚུལ་བྱུང་བ་ཞིག་མ་རེད་སྒང་ནས་མི་རེ་གཉིས་ཀྱིས་མར་རྒྱུད་བསྐུལ་བྱས་པ་ཞིག་ཡིན་དུས་ཏག་ཏག་ཅིག་མ་རེད་ཅེས་བརྗོད་ཀྱི་འདུག དེ་ལ་དགོངས་ཚུལ་གང་ཡོད་ཅེས་དྲིས་པར། ཁོང་གིས། “དེ་བརྒྱ་ཆ་བརྒྱ་ཐམ་པ་མི་མང་གི་བསམ་ཚུལ་ཡིན། གང་ཡིན་ཟེར་ན་དང་པོ་ང་ཚོ་ཚོགས་པའི་མི་ཁ་ཤས་ཤིག་གིས་༢༠༡༡ ལོའི་བཀའ་བློན་ཁྲི་པ་དེ་གལ་ཆེན་པོ་ཡིན་པས། དེང་སྐབས་གཟུགས་མཐོང་བརྙན་འཕྲིན་དང་ཚགས་པར། གསར་འགྱུར་བརྒྱུད་ལམ་ཚང་མའི་ནང་གལ་ཆེན་པོ་བརྩི་ཡི་ཡོད་པ་བཞིན། ས་གནས་རང་གིས་ཐུགས་ཁུར་བཞེས་ནས་གལ་ཆེན་པོར་བརྩི་དགོས་པས། ང་ཚོ་གནད་ཡོད་ཚོགས་སྡེ་ཁག་གི་ཚོགས་མི་བཅུ་གྲངས་ཤིག་གིས་དང་པོ་འགོ་ཁྲིད་ནས་ཚོགས་འདུའི་ཐོག་སྐད་ཆ་བྱུང་བ་རེད། དེ་བྱུང་བ་གཞིར་བཟུང་གིས་ཚོགས་འདུའི་ཐོག་ཁས་བླངས་ཡོད་པ་མ་རེད། སྤྱི་མི་དང་བརྒྱ་དཔོན་ཚང་མ་མཉམ་འཛོམས་བྱས་ནས་ཁོ་ཚོར་བསམ་ཚུལ་ག་འདྲ་ཡོད། ང་ཚོར་བསམ་ཚུལ་དེ་འདྲ་འདུག ང་ཚོ་ཚང་མ་བློ་མཐུན་པ་ཡིན་ན་མང་ཚོགས་ལ་གཞི་ནས་ང་ཚོར་བསམ་ཚུལ་དེ་འདྲ་ཡོད། མ་འོངས་པའི་བཀའ་བློན་གལ་ཆེན་པོ་ཡིན། དེ་འདྲ་བཤད་རྒྱུའི་འཆར་གཞི་ང་ཚོས་བསྒྲིགས་པ་བཞིན། གྲོང་སྡེ་བཅུ་བཞི་ཡི་སྤྱི་མི་དང་བརྒྱ་དཔོན་ཚང་མ་ལ་གོ་བསྡུར་བྱས་ནས་ཚང་མས་རྒྱབ་སྐྱོར་གནང་སོང༌། དེ་གཞིར་བཟུང་མི་མང་ལ་གསལ་བཤད་ཅིག་ཞུ་དགོས་པ་རེད། དེར་བརྟེན། སྐུ་ངོ་གཞིས་འགོ་ལ་སྙན་གསན་ཞུས་པ་ཡིན། སྐུ་ངོ་ཁོང་གཞུང་འབྲེལ་ཡིན་པས་བཀའ་ཁྲོལ་གནང་རྒྱུ་ཡོད་པ་མ་རེད་དེ། མཁྱེན་རྟོགས་ཆེད་དུ་ཞུས་པ་ཡིན་ཞུས་སྐབས། ཁོང་གིས་བྱེད་དང་མ་བྱེད་ཟེར་ཤེས་ཀྱི་མ་རེད། ཡིན་ཡང་མཁྱེན་རྟོགས་ཆེད་དུ་ཞུས་པ་ཡིན་ན་འགྲིག་གི་རེད་ཅེས་བཀའ་གནང་སོང་”ཞེས་བརྗོད་སོང། ཡང་མི་མང་ཁ་ཤས་ཀྱིས་ང་ཚོས་ག་རེ་ཡིན་གསལ་པོ་ཧ་གོ་མ་སོང་མོད། ས་གནས་ཀྱི་ཚོགས་པ་ཁག་གི་ཚོགས་གཙོ་ཚོ་ཕེབས་ཡོང་དུས་མིང་རྟགས་བརྒྱབ་པ་ཡིན་ཟེར་གྱི་འདུག་ལ། ལ་ལས་ང་ཚོས་མིང་རྟགས་མ་བརྒྱབ་ན་ཕོ་རོག་དཀར་པོ་ཆགས་ཀྱི་འདུག་དེ་ཡིས་མིང་རྟགས་རྒྱག་དགོས་བྱུང་སོང་ཟེར་མཁན་འདུག་ཟེར། ཡང་འགའ་རེས་ང་ཚོས་མིང་རྟགས་བརྒྱབ་མེད་ཟེར་མཁན་ཡང་འདུག་པས་དེའི་སྐོར་ལ་དགོངས་ཚུལ་གང་ཡོད་དྲིས་སྐབས། ཁོང་གིས། “ང་ཚོ་རང་བཙན་ཚོགས་ཆུང༌། གཞོན་ནུ་བུད་མེད། མཉམ་འབྲེལ་འགན་འཛིན་ལྷན་ཚོགས། གྲོས་ཚོགས། སྤྱི་མི་ཚང་མས་བྱས་པ་ཡིན། མི་མང་རང་གི་བསམ་ཚུལ་ཡོང་ཡོད་མེད། མི་མང་གི་ཚོགས་ཐོག་ལ་འགྲེལ་བཤད་བསྐྱོན་པ་རེད། བཀའ་བློན་ཁྲི་པ་གལ་ཆེན་པོ་ཡིན་པས། བཀའ་བློན་ཁྲི་པའི་ཛ་དྲག་གི་གནས་སྟངས། རྒྱ་བོད་གཉིས་ཀྱི་གནས་སྟངས་རེད། སྤྱིར་བཏང་ཤེས་ཡོན་ཅན་ཡོད་པ་རེད་དེ། ཕུན་སུམ་ཚོགས་པའི་མི་ཞིག་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ལས་མི་འདུག དེར་བརྟེན། མི་མང་ལ་འདོད་མོས་ག་འདྲ་ཡོད། ཁ་ཞེ་གཉིས་མེད་ཀྱི་འདོད་མོས་ཡོད་ན་ངག་ཐོག་ནས་བཤད་པ་ཙམ་མིན་པར། ཡིག་ཐོག་ནས་ས་ཡིག་གིས་གོ་ཆོད་པ་བྱེད་ཀྱི་ཡིན། དེ་ཡང་ལོ་བཅོ་བརྒྱད་ཡན་གྱི་ལོ་ཚད་ལོན་པ་ཚོས་བྱེད་ཀྱི་ཡིན་ཞེས། གང་ལྟར་གྲྭ་ཚང་ཁག་དང་མི་མང་མང་ཚོགས་ལ་འབོད་སྐུལ་ཞུས་ནས་རྒྱབ་སྐྱོར་རག་པ་དེ་འདྲ་ཡིན་ཞུ་རྒྱུ་ཡིན་”ཞེས་དང༌།
    མི་མང་ལ་དྲི་བ་དྲིས་ལན་དང་བགྲོ་གླེང་དེ་འདྲ་མེད་པ་བྱས་པ་རེད་ཟེར། དེ་ག་འདྲ་རེད་ཅེས་དྲིས་པར། ཁོང་གིས། “དྲི་བ་དྲིས་ལན་མེད་ཅེས་ཞུས་ཡོད་པ་མ་རེད། ཞུ་དགོས་པའི་རྒྱུ་མཚན་ཡང་ཡོད་མ་རེད། གསལ་པོ་ཞུས་པ་ཡིན་ན། ང་ཚོས་ལས་རིམ་དེ་འགྲོ་བཞིན་པའི་སྐབས་ལ་མི་གཉིས་ཀྱིས་ང་ཚོའི་ལས་རིམ་ལམ་ལྷོང་མི་ཡོང་བའི་ཆེད་དུ་འཚང་སོང༌། ཁོ་རང་ཚོས་ལས་རིམ་ཞིག་བྱེད་རྒྱུ་ཡོད་པ་ཡིན་ན། གཞོན་ནུ་ལ་ཡག་པོ་ཡོད་རེད། གཞོན་སྐྱེས་ལ་ཡག་པོ་རེད་ཟེར། དེ་འདྲ་ཞིག་ཁྱབ་བསྒྲགས་བྱས་འདུག དེ་ང་ཚོའི་ལས་དོན་ལམ་ལྷོང་མི་ཡོང་བའི་ཆེད་དུ་རེད་བསམ་གྱི་འདུག ཡང་མིན་ན། ཁོང་ཚོས་ལས་འགུལ་དེ་ང་ཚོས་མ་བྱས་གོང་ལ་བྱས་པ་ཡིན་ན་བསམ་ཚུལ་ཞིག་མེད། གཅིག་རེད། ཡང་མིན་ན་ང་ཚོའི་ལས་དོན་བྱས་ཚར་བའི་རྗེས་ལ་བྱས་པ་ཡིན་ན་བསམ་ཚུལ་མེད། དེ་ལ་མི་གཉིས་མ་གཏོགས་གང་ཡང་མེད། ང་ཚོ་ལ་མང་མོས་ཀྱི་རྒྱབ་སྐྱོར་ཡོད་ཅེས་དགོངས་ཚུལ་བཏོན་པ་རེད། ཚང་མ་རང་དབང་ཡིན། ད་ལྟ་ཧུན་སུར་རབ་རྒྱས་གླིང་ལ་མི་༢༠༠༠ ཟིན་མ་ཟིན་ཞིག་ཡོད་པ་རེད། དེ་ལས་མི་༡༠༥༠ ཡིས་རྒྱབ་སྐྱོར་བྱུང་བ་རེད།” ཅེས་བརྗོད་སོང།
    ཡང་མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་བསོད་ནམས་ལགས་ཀྱིས། “ང་ཚོས་དྲི་བ་དྲིས་ལན་མེད་ཅེས་ལབ་ཡོད་པ་མ་རེད། ཟམ་གདོང་རིན་པོ་ཆེའི་མཛད་པ་འཕྲིན་ལས་ལ་འགྲེལ་བཤད་བརྒྱབ་པ་ལས་ལྷག་ཅིག་ད་དུང་ང་ཚོར་མེད། ས་ཡིག་རྒྱག་མི་རྒྱག་ཁྱེད་རང་ཚོས་བསམ་བློ་ཐོངས་ཞེས་ལབ་པ་རེད་”ཅེས་འགྲེལ་བརྗོད་གནང་སོང།
    གཞན་ཡང་མི་སེར་ནང་སྙན་ཞུ་དེ་མི་མང་གི་བསམ་ཚུལ་ཡིན་པའི་རྒྱུ་མཚན་དུ། ས་འཐུས་དང་རང་བདེན་ཚོགས་ཆུང་སོགས་ཀྱིས་དགོངས་ཚུལ་རེད་ལ། སྤྱི་མི་བརྒྱ་དཔོན་ཚོས་མོས་མཐུན་བྱས་པ་ཞིག་ཀྱང་རེད། མ་ཚད་མི་མང་ལ་ཡང་གསལ་བཤད་བྱས་ནས་གོ་བརྡ་སྤྲད་དེ་ས་ཡིག་བསྡུས་པ་རེད་ཅེས་བཤད་མཁན་འདུག་ལ། མི་མང་གིས་ནང་དོན་ཡག་པོ་མགོ་ཚོས་ཡོད་པ་མ་རེད་དེ། ལས་འགུལ་སྤེལ་མཁན་གྱི་མི་སྣ་དེ་ཚོ་གནད་ཡོད་རྐྱང་རྐྱང་རེད། གནས་ལུགས་ཤེས་མཁན་འབའ་ཞིག་རེད། ངས་ཡག་པོ་ཡོད་པ་རེད་བསམ་ནས་རྒྱབ་སྐྱོར་བྱས་པ་ཡིན་ཟེར་མཁན་ཡང་འདུག ཡང་མི་མང་པོས་ས་ཡིག་བརྒྱབ་དུས་ང་ཚོས་མ་བརྒྱབ་ན་འགྲིག་ས་མ་རེད་བསམས་ནས་བརྒྱབ་པ་ཡིན། མ་གཞི་ཁོང་ཚོས་རྒྱབ་སྐྱོར་ཡོད་མེད་དང་ཡོད་ན་ས་ཡིག་རྒྱོབས། མེད་ན་མ་བརྒྱབ་ཀྱང་འགྲིག་གི་རེད་ཅེས་ཟེར་གྱི་འདུག ང་ཚོས་ཁོ་ཚོར་རྒྱབ་སྐྱོར་བྱས་པ་རེད་ཅེས་ཟེར། འགའ་ཤས་ཀྱིས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེ་ཡང་བསྐྱར་དགོས་པར་མིང་རྟགས་རྒྱག་དགོས་རེད་ཟེར་ནས་མིང་རྟགས་བསྡུ་རུབ་ཅིག་བྱས་སོང་ཟེར་བ་ཙམ་ལས་ཚོར་བ་གང་ཡང་མེད་མཁན་ཡང་འདུག ཡིན་ཡང་ངས་ཁོ་ཚོར་ང་གསར་འགོད་པ་ཡིན་པ་དང་བཅར་འདྲི་བྱེད་ཀྱི་ཡིན་ཞེས་བརྗོད་སྐབས། ཁོང་ཚོས་བཅར་འདྲི་དང་ལེན་བྱེད་ཀྱི་མི་འདུག་ལ། ཐ་ན་མིང་ཡང་གསལ་པོ་བཤད་རྒྱུར་གཡོལ་ཐབས་ཀྱིས་ཁོ་ཚོ་གསར་འགྱུར་བརྒྱུད་ལམ་དུ་གླེང་རྙོག་ནང་ཐོན་འདོད་མེད་པའི་རྣམ་འགྱུར་སྟོན་གྱི་འདུག།།  
མེ་སོར་གསར་འགོད་པས།