སུད་སི་རུ་རྒྱ་བོད་ལྷན་ཚོགས།
རྒྱལ་སྤྱིའི་འགྲིག་ཆགས་མཐུན་ཚོགས་དང། སུད་བོད་མཛའ་འབྲེལ་ཚོགས་པ་གཉིས་ནས་གོ་སྒྲིག་བྱས་པའི་རྒྱ་བོད་ཚོགས་ཆེན་ཐུན་མོང་གི་གཞི་རྟེན་འཚོལ་བ་ཞེས་པའི་ཚོགས་ཆེན་དེ་ཟླ་འདིའི་ཚེས་༦ ཉིན་ནས་ཉིན་གསུམ་རིང་སུད་སི་རྒྱལ་སར་འཚོགས་ཡོད་པ་དང། དེར་རྒྱལ་ཁབ་ཁག་བཅུ་གཉིས་ལྷག་ཙམ་ནས་རྒྱ་བོད་ཀྱི་མཁས་དབང་བརྒྱ་ལྷག་མཉམ་ཞུགས་གནང་ཡོད་པ་རེད།
༸གོང་ས་མཆོག་གི་བཀའ་སློབ་དེའི་ནང་དོན་བོད་གཞུང་གི་དྲ་གནས་སུ་འཁོད་དོན། བོད་ཀྱི་གནད་དོན་འདི་སེལ་དགོས་ཀྱི་ཡོད་པ་རེད། དེ་གང་འདྲ་བྱས་ནས་སེལ་དགོས་པའི་ཐབས་ལམ་དེ་ནི་དེ་རིང་ང་ཚོས་གྲོས་བསྡུར་བྱེད་དགོས་ཀྱི་ཡོད། ད་རེས་ངོས་ནས་རྒྱ་རིགས་སྤུན་ཟླ་ཚོས་དབུ་མའི་ལམ་གཞི་ལ་བཞག་ནས་བོད་ཀྱི་གནད་དོན་འདི་སེལ་ཐབས་ལ་བསམ་བློ་གསར་པ་དང༌། བསམ་ཚུལ་གསར་པ་གང་ཡོད་པ་ཤེས་འདོད་འདུག། ཚོགས་འདུ་འདི་ཚོགས་དགོས་དོན་གཙོ་བོ་ནི། བོད་ཀྱི་ས་ཁུལ་མང་པོའི་ནང་དུ་ཞི་རྒོལ་བྱེད་ཀྱི་ཡོད་པ་དང༌། དེ་བཞིན་རྒྱ་ནག་གཞུང་ཕྱོགས་ནས་དེ་དག་ལ་དམ་བསྒྲགས་ཤུགས་ཆེ་བྱེད་བཞིན་ཡོད། ཞི་རྒོལ་བྱེད་དགོས་དོན་ནི་མི་རབས་མང་པོ་ཞིག་ནས་དཀའ་ངལ་མྱངས་ཡོད་རྐྱེན་དེ་དག་མ་བཟོད་པར་བྱུང་བ་ཞིག་རེད། དེ་ལྟར་ཞི་རྒོལ་ནང་མཉམ་ཞུགས་བྱེད་མཁན་མང་ཆེ་བ་ནི་གཞོན་སྐྱེས་ཡིན་པ་རེད། གང་ལྟར་དངོས་ཡོད་ཀྱི་ལམ་ནས་ཐབས་ལམ་ཞིག་འཚོལ་དགོས་ཀྱི་ཡོད།
ཕྱོགས་གཞན་ཞིག་ནས་ང་ཚོས་རྒྱ་ནག་གཞུང་དང་འབྲེལ་བ་བྱེད་རྒྱུ་དེ་ཁག་པོ་ཆགས་ཀྱི་འདུག དེ་འདྲ་སོང་ཙང་ང་ཚོས་རྒྱ་རིགས་སྤུན་ཟླ་ཕོ་མོ་ཚོ་དང་འབྲེལ་བ་བྱེད་ཀྱི་ཡོད། རྒྱ་རིགས་ཕོ་མོ་ཚོའི་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཇེ་མང་དུ་འགྲོ་བཞིན་ཡོད། ད་ལྟ་བར་ང་ཚོས་ཤེས་ཚོད་ལྟར་ན་བོད་དོན་རྒྱབ་སྐྱོར་གྱི་རྒྱ་ཡིག་ཐོག་ནས་རྩོམ་ཡིག་དྲུག་བརྒྱ་ལྷག་ཙམ་སྤེལ་འདུག དེ་དག་ཚང་མ་བོད་པ་ལ་ཤ་ཚ་དང་རྒྱབ་སྐྱོར་གྱི་ཐོག་ནས་བྲིས་པ་ཤ་སྟག་རེད་འདུག དེར་བརྟེན་ང་ཚོ་ཁ་བྲལ་དུ་མི་འགྲོ་བའི་ཐོག་ནས་གཉིས་མོལ་གྱིས་དཀའ་ངལ་སེལ་རྒྱུ་དེ་ནི་ཕྱོགས་གཉིས་ཀར་འགན་ཡོད་པ་ཞིག་རེད།
རྒྱ་རིགས་ཀྱི་མཁས་དབང་བོད་པའི་གནད་དོན་ཤེས་མཁན་དེ་དག་གིས་བོད་པའི་དངོས་ཡོད་ཀྱི་གནས་ཚུལ་རྣམས་ཡིག་ཐོག་ལ་བྲིས་པ་དང་ཆབས་ཅིག་མི་གཞན་ལ་གསལ་པོ་བཟོ་རྒྱུ་དེ་གལ་ཆེན་པོ་ཆགས་ཀྱི་འདུག ངོས་ནས་ཀྱང་རྒྱ་རིགས་མཁས་དབང་དེ་དག་ལ་བོད་ཀྱི་གནད་དོན་ཡག་པོ་ཤེས་རྟོགས་ཡོང་ཆེད་ཡང་ནས་ཡང་དུ་ཐུག་འཕྲད་ཆེད་འབད་བརྩོན་བྱེད་ཀྱི་ཡོད། ད་རེས་ཀྱི་ཚོགས་འདུ་འདི་ཡང་གཞི་རྒྱ་ཆེ་བ་ཞིག་རེད། དེར་ངོས་ནས་ཡོང་མི་སྲིད་པ་དེ་འདྲ་རེ་བ་གང་ཡང་བྱེད་ཀྱི་མེད། ཡིན་ནའང་ད་རེས་ཀྱི་ཚོགས་འདུ་འདི་རྒྱ་བོད་གཉིས་ཀྱི་མཛའ་མཐུན་གྱི་འབྲེལ་ལམ་དེ་ཡག་ཏུ་གཏོང་རྒྱུའི་སྡེངས་ཆ་ལྟ་བུ་ཞིག་ཆགས་ཡོད་ཅེས་བཀའ་སློབ་གནང་ཡོད་པ་རེད།
རྒྱ་རིགས་མཁས་དབང་ཡཱན་ཇཱའི་ཆི་ནས་གསུང་བཤད་གནང་དོན། ྋགོང་ས་མཆོག་ནི་བཙན་བྱོལ་དུ་ཡོད་པའི་བོད་པ་གཅིག་པུའི་སྐུ་ཚབ་ཙམ་མིན་པར་མགོན་པོ་གང་ཉིད་ནི་གཞིས་བྱེས་བོད་མི་ཡོངས་ཀྱི་སྐུ་ཚབ་མཚོན་གྱི་ཡོད་ཅེས་དང༌། ཡང་ཁོང་གིས་གསུང་དོན། ྋགོང་ས་མཆོག་གི་རང་ལས་གཞན་གཅེས་པའི་ཐུགས་བཞེད་དང་དེ་བཞིན་བྱམས་བརྩེ་དང་འཚེ་མེད་ཞི་བའི་ཐབས་ལམ་གོང་འཕེལ་གཏོང་རྒྱུའི་ནུས་སྟོབས་སོགས་ཀྱི་མཛད་འཕྲིན་ཁག་གསུངས་ཡོད་པ་རེད།
ད་རེས་ཀྱི་ཚོགས་ཆེན་དེར་བཀའ་བློན་ཁྲི་པ་མཆོག་ནས་ཀྱང་གསུང་བཤད་གནང་ཡོད་པ་དང། དབུ་འབྱེད་མཛད་སྒོའི་རྗེས་བཀའ་ཁྲི་མཆོག་ནས་ཆུ་ཚོད་གཉིས་ལྷག་ཙམ་གྱི་རིང་རྒྱ་རིགས་ཀྱི་ཚོགས་བཅར་བ་རྣམས་ཀྱི་དྲི་བར་ལན་འདེབས་ཀྱང་གནང་ཡོད་པར་བརྟེན། རྒྱ་རིགས་ཚོགས་བཅར་བ་རྣམས་ལ་བོད་ཀྱི་གནད་དོན་ཤེས་རྟོགས་བྱུང་བ་དང་དེ་བཞིན་བཙན་བྱོལ་བོད་གཞུང་ངོས་ནས་ལས་དོན་གང་གནང་བ་ཚང་མ་ཤེས་རྟོགས་ཡོང་རྒྱུར་ཕན་ཐོགས་ཆེན་པོ་བྱུང༌། ཞེས་རྒྱ་རིགས་ཚོགས་བཅརབ་ཚོས་འགྲེལ་བརྗོད་གནང་ཡོད་པ་རེད། ཕྱི་ཚེས་༧ དང་༨ ལ་ཚོགས་བཅར་བ་རྣམས་ཚོགས་ཆུང་ཆ་བགོས་ཀྱིས་གྲོས་བསྡུར་གནང་ཡོད་པ་རེད།།
