གཉིས་པ། མུ་ཁྲི་བཙན་པོ་ནས་གནམ་རི་སྲོང་བཙན་བར་གྱི་རྒྱལ་རབས་གླེང་བ།

    རུ་ལ་སྐྱེས་ནི་སྤུ་དེ་གུང་རྒྱལ་གྱི་བློན་པོ་ཡིན་ཞིང༌། སྐབས་དེར་བྱས་རྗེས་བླ་ན་མཐོ་བའི་བློན་པོ་ཞིག་ཏུ་གྱུར་སོང་བས། བོད་ཀྱི་མཛངས་མི་མི་བདུན་ནང་གི་ཐོག་མ་དེ་ཡིན་པ་དང༌། རྒྱལ་རབས་གསལ་བའི་མེ་ལོང་ལ་སོགས་པ་ལྟར་ན་ཁོང་གི་བྱས་རྗེས་ནི། ཤིང་བསྲེགས་པའི་སྙིང་པོ་སོལ་བ་བཟོ་ཤེས་པ་བྱུང་བ་དང༌། ཀོ་བ་བཞུས་པའི་སྙིང་པོ་ལས་སྤྱིན་བཟོ་ཤེས་པ་བྱུང་བ། རྡོ་བཞུས་ནས་གསེར་དང༌། དངུལ། ཟངས། ལྕགས་བཅས་བཞུ་སྦྱང་གིས་གཏེར་ཟོག་བཏོན་པ། སྤང་ཐང་ཞིང་དུ་བསློགས་པ། ཕུ་ཆུ་མདའི་ཞིང་སར་དྲངས་པ། ཆུ་ལ་ཟམ་པ་བཙུགས་པ་སོགས་བྱ་གཞག་རླབས་ཆེན་དེ་དག་སྐབས་འདི་ནས་བློན་པོ་རུ་ལ་སྐྱེས་ཀྱི་གསར་གཏོད་རིག་པ་ལས་ཐོག་མར་བྱུང་བར་གསལ་ཏེ། དཔའ་བོ་གཙུག་ལག་ཕྲེང་བས། བོད་ཡུལ་འཕྲུལ་བློན་མཛངས་མི་མི་བདུན་གྱི། །ཐོག་མར་གྱུར་པ་རུ་ལས་སྐྱེས་འདི་ཡིན། །མཛངས་པའི་ལས་སུ་ཤིང་བསྲེགས་སོལ་བ་བྱུང༌། །དེ་ཡིས་རྡོ་བཞུས་གསེར་དངུལ་ཟངས་ལྕགས་བྱུང༌། །ཤིང་ལ་མིག་ཕུག་གཤོལ་དང་གཉའ་ཤིང་བྱས། །ས་གཞི་བརྐོས་ནས་ཕུ་ཆུ་ཡུར་དུ་དྲངས། །རྨོན་པ་དོར་བསྡེབས་སྤང་ཐང་ཞིང་དུ་རྨོས། །བརྒལ་བའི་མི་ཐར་ཆུ་ལ་ཟམ་པ་བཙུགས། །རྨོས་པའི་ལོ་ཏོག་ཐོག་མར་འདི་ནས་བྱུང༌། །ཞེས་དང༌། རྒྱལ་རབས་གསལ་བའི་མེ་ལོང་ལས་ཀྱང༌། ཤིང་ལ་བུག་པ་ཕུག་ནས་གཤོལ་དང་གཉའ་ཤིང་བཅོས། །མཐུན་གཉིས་གཉའ་རུ་བསྡེབས་པས་ཐང་རྣམས་ཞིང་དུ་རྨོས། །རྒྱ་མཚོ་ཡུར་ལ་དྲངས་ནས་ཞིང་ལ་ས་བོན་བཏབ། །ཅེས་དང༌། དུང་དཀར་རིན་པོ་ཆེ་མཆོག་གིས་ཀྱང༌། རུ་ལ་སྐྱེས་ཀྱི་སྐོར་ལ། མཛངས་པའི་ལས་སུ་ཤིང་བསྲེགས་ཏེ་སོལ་བ་བཟོས་པ་དང༌། དེས་རྡོ་བཞུས་ནས་གསེར་དངུལ་ཟངས་ལྕགས་བཏོན་པ། ཀོ་བ་བཞུས་ནས་སྤྱིན་བཟོས་པ། ཤིང་གི་གཤོལ་དང་གཉའ་ཤིང་བཟོས་ཏེ་རྨོན་པ་དོར་བསྡེབས་ཀྱིས་སྤང་ཐང་ལ་ས་ཞིང་རྨོས་པ། ཆུ་ཡུར་བཟོ་བ། ཆུ་ལ་ཟམ་པ་བཙུགས་པའི་སྐོར་གནས་ལུགས་བཅས་གསལ་ལོ། །
ཡིག་ཆ་ཁག་ཏུ་གྲི་གུམ་བཙན་པོ་ལ་སྲས་གསུམ་ཡོད་པ་དང༌། གཉིས་ཡོད་པར་འདོད་མཁན་མི་འདྲ་བ་ཆེ་ཁག་གཉིས་ཙམ་བྱུང་ཞིང༌། སྲས་གསུམ་ཡོད་པར་འདོད་མཁན་གྱིས་སྤུ་དེ་གུང་རྒྱལ་ནི་སྲས་འབྲིང་བ་བྱ་ཁྲི་ཞུ་བ་དེ་ཡིན་པར་འདོད་འདུག འོན་ཀྱང༌། ཏུན་ཧོང་ཡིག་ཆ་དང༌། ཀོང་པོ་དེ་མོར་ཡོད་པའི་བྲག་བརྐོས་ཡི་གེའི་ནང་དུ་རྒྱལ་པོ་གྲི་གུམ་བཙན་པོར་སྲས་གཉིས་ཡོད་ཚུལ་གསལ་ལ། གཅེན་པོ་ཉ་ཁྲིས་ཀོང་པོའི་རྗེ་བོ་མཛད་པ་དང༌། གཅུང་པོ་ཤ་ཁྲིས་བོད་ཀྱི་རྒྱལ་རྒྱུད་བཟུང་ལུགས་ཀྱི་གསལ་ཁ་དོད་ཡོད་ཚོད་རེད།
    སྤུ་དེ་གུང་རྒྱལ་ནི་བོད་ཀྱི་རྒྱལ་རབས་དགུ་པ་དང༌། སྟོད་ཀྱི་སྟེང་གཉིས་ཀྱི་ནང་ནས་གཉིས་པ་དེ་ཡིན་པ་རེད། ཁོང་ལ་སྤུ་དེ་གུང་རྒྱལ་ཞེས་མཚན་ཐོགས་སྟངས་ལ། ཡུམ་གྱིས་དམོད་མོ་བོར་བ་ལ་བརྟེན་ནས་ནམ་མཁའི་ལྷ་རྣམས་ཀྱིས་ཁྱོད་ཀྱི་བུ་དེ་ཀུན་ལས་རྒྱལ་བར་འགྱུར་རོ་ཞེས་ལུང་དུ་བསྟན་པས་ཕྱིས་སུ་སྤུ་དེ་གུང་རྒྱལ་ཞེས་མིང་དུ་ཐོགས་སོང་བ་ཡིན་ཞེས་ཁུངས་མེད་རྟོག་བཟོ་འདི་བཞིན་རང་སྣང་གང་དྲན་གྱི་གཏམ་འཆལ་ཇི་སྙེད་ཅིག་ཤོད་མཁན་ཡོད་ཚོད་རེད་འདུག དོན་དམ་ལ། སྤུ་དེ་གུང་རྒྱལ་ཞེས་བརྗོད་དོན་ནི། བཙན་པོ་འདི་ཉིད་རུ་ལ་སྐྱེས་ཀྱིས་སྤོ་བོ་ཡུལ་ནས་སྔོན་གྱི་རྒྱལ་སའི་ཕྱོགས་སུ་སྤྱན་དྲངས་པས་སྤུ་དེ་གུང་རྒྱལ་ཞེས་ཐོགས་སོང་བ་ཡིན་ངེས་རེད་སྙམ། དེ་ཡང་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་མཆོག་གིས་ཀྱང༌། བྱ་ཁྲི་སྤུ་བོར་བཅུགས་པས་སླད་ཀྱིས་བྱ་ཁྲི་སྤུ་ནས་སྤྱན་དྲངས་ནས་མཚན་ཀྱང་སྤུ་དེ་གུང་རྒྱལ་དུ་གསོལ་ཞེས་གསུངས་སོ། །
    བོད་ཀྱི་རྒྱལ་རབས་དགུ་པ་འདི་ཉིད་བཞུགས་པའི་རིང་གི་མཚན་ལ་སྤུ་དེ་གུང་རྒྱལ་ཞེས་གྲགས་པ་དང༌། ཆབ་སྲིད་བདེ་བར་བསྐྱངས་ཏེ་སྐུ་གཤེགས་པའི་རྗེས་ཀྱི་བང་སོ་བརྩིགས་པའི་མིང་ལ་གྲང་མོ་གནམ་བསེ་ཞེས་བྱ་བར་གྲགས་ཏེ། དེ་ཡང༌། ཏུན་ཧོང་ཡིག་ཆར། ང་ཅ་ ༡༢༨༧ བཤོས་ན་ནྀ་སྤུ་དེ་གུང་རྒྱལ། གྲོངས་ན་ནྀ་གྲང་མོ་གནམ་བསེའ་བརྩིག འགྲེང་མགོ་ནག་གྀ་རྗེ། དུད་རྔོག་ཆགས་ཀྱི་རྐྱེན་དུ་གཤེགསཱོ། །ཞེས་དང༌། ཡང༌། སྟོད་ཀྱི་སྟེང་གཉིས་ཀྱི་བང་སོ་རྫ་དང་གཡའ་ལ་བཏབ་ཅེས་ཀྱང་འཁོད་དོ། །
    འདི་ན། གླིང་ཚང་ལ། ཨ་ཁུ་ཁྲོ་ཐུང་ཁྲོ་མ་ཐུང་ན། གེ་སར་རྒྱལ་པོ་གེ་མི་སར་ཞེས་ཟེར་སྲོལ་ལྟར། རྒྱལ་པོ་གྲི་གུམ་བཙན་པོའི་བཀའ་བཀོད་འབངས་ལ་མ་སོང་ནས་ལོ་ངམ་གྱིས་གྱེན་ལྡོག་ཐུ་མོ་ཆེ་བྱས་ཏེ།  རྒྱལ་པོ་བཀྲོངས་ཤིང་རྒྱལ་སྲས་ཀྱང་སྤོ་བོའི་ཕྱོགས་སུ་སྤྱུགས་རྗེས། སླར་ཡང་བསམ་ཡུལ་ལས་ཡོངས་སུ་འདས་པའི་སྤུ་དེ་གུང་རྒྱལ་གྱིས་རྒྱལ་སྲིད་ཟིན་ཐུབ་པ་བྱུང་བ་མ་ཟད། ཕྱིས་སུ་སྤུ་དེ་གུང་རྒྱལ་གྱི་རྒྱལ་རྒྱུད་སྲོང་བཙན་སྒམ་པོ་དང་ཁྲི་སྲོང་ལྡེའུ་བཙན་ལ་སོགས་པའི་བྱས་རྗེས་ཅན་དང༌། གཟི་བརྗིད་ཆེ་བའི་རྒྱལ་རབས་རིམ་རྒྱུད་མང་དག་ཅིག་བྱུང་ཡོད་ཅིང༌། དེ་དག་གི་བྱུང་རྐྱེན་གཙོ་བོའམ་གནད་འགག་དམ་པ་ཞིག་ནི་བོད་ཀྱི་མཛངས་བློན་དང་པོ་རུ་ལ་སྐྱེས་ཀྱི་བཀའ་སྤྱད་དང་སྙིང་རུས་རླབས་པོ་ཆེའི་ནུས་མཐུ་འབའ་ཞིག་ལ་བརྟེན་ནས་བྱུང་ཡོད་པ་མངོན་མཐོང་ལག་ཟིན་གྱི་གནས་ལུགས་ཤིག་ལ་ཐུག་འདུག་སྙམ་མོ།།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།
ས་རཱ་མཐོ་སློབ། ངག་དབང་བྱམས་པས།