སྤྱོད་ལམ་རྣམ་བཞི་ལ་གཟབ་རྒྱུ་གལ་ཆེན་པོ་རེད།

རྒྱ་གར་དུ་སྐྱབས་བཅོལ་ལ་ཕེབས་རྗེས། འབྲས་སྒོ་མང་གྲྭ་ཚང་གི་ཆོས་གྲྭར་ཞུགས་ཏེ། འབྲས་སྤུངས་ཁྲི་པ་རྗེ་བཙུན་བསྟན་པ་བསྟན་འཛིན་སོགས་བཤེས་གཉེན་དམ་པ་རྣམས་ཀྱི་དྲུང་ནས་སློབ་གཉེར་གནང། ཕྱི་ལོ་༡༩༩༦ ལོར་རྣམ་འགྲེལ་རྩོད་རྒྱུགས་ཕུལ། ༢༠༠༦ ལོར་དགེ་ལུགས་རྒྱུགས་སྤྲོད་མཐར་ཕྱིན། དེ་རྗེས་སྨོན་ལམ་གྲྭ་སྐོར་སོགས་ཆོས་ཐོག་ཡོངས་རྫོགས་གྲུབ་ཏེ་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ། སྔགས་རམས་པའི་རྒྱུགས་སྤྲོད་ལེགས་འགྲུབ་གནང་བ་དང། ད་ལྟ་འབྲས་སྤུངས་གྲྭ་མང་གིས་དགེ་སྐོས་སུ་འདེམས་བསྐོས་ཀྱིས་ཕྱག་ལས་གནང་བཞིན་ཡོད་པ་རེད།
དྲི་བ།  དགེ་སྐོས་ལགས་ཀྱིས་ད་བར་དཔེ་ཁྲིད་རྒན་གྱི་ཐུགས་ཁུར་ཉམས་མྱོང་ལས་གྲྭ་ཚང་གི་ཁྲིམས་སྒྲིག་ལམ་དང་བསླབ་པ་སློབ་གཉེར་གནང་སྟངས་སོགས་ཀྱི་ཐད་ལེགས་ཉེས་ཀྱི་ཆ་གང་འདྲ་གཟིགས་ཀྱི་ཡོད།
ལན། གདན་ས་ཁག་གི་ནང་ལོ་རེ་ནས་ལོ་རེར་སློབ་གཉེར་གྱི་སྤུས་ཚད་ཇེ་ལེགས་དང་སྒྲིག་གཞིའི་ཆ་ནས་ཀྱང་ཧ་ཅང་གི་དོ་དམ་ཚགས་ཚུད་ཡོད་པའི་ཚོར་སྣང་ཟབ་མོ་བྱུང༌། དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་ལོ་འཁོར་རྒྱུགས་སྤྲོད་ཆེན་མོ་ཧ་ཅང་དོ་དམ་ཚགས་ཚུད་ཡོད་པ་དང་འབྲེལ་བ་དམ་ཟབ་ཡོད་པ་ཞིག་དང། མཁས་གྲུབ་གཉིས་ལྡན་གྱི་ལས་ཀྱི་སྣེ་མོ་བ་གོང་མ་དག་གིས་རྒྱལ་བའི་བསྟན་པ་ལ་ཐུགས་ཁུར་ཆེ་བཞེས་ཀྱིས་སྐུ་ངལ་འཛེམས་མེད་ཐོག་རླབས་ཆེན་གྱི་ཕྱག་ལས་གནང་བའི་མཛད་རྗེས་སུ་ངོས་འཛིན་ཞུ་བཞིན་ཡོད། གོང་དུ་བཤད་པའི་རྒྱུ་མཚན་དེ་དག་ལ་བརྟེན་ནས་ད་ལྟ་ཕན་ཆད་གདན་ས་གྲྭ་ཚང་ཁག་གི་སྒྲིག་ལམ་དང་སློབ་གཉེར་གནང་སྟངས་སོགས་ལ་རྗེས་སུ་ཡི་རངས་དང་མངོན་པར་བསྟོད་དགོས་པ་ཞིག་རེད། མ་འོངས་པར་ཡང། རྒྱལ་སྲས་ཞི་བ་ལྷས། འཇིག་རྟེན་མ་དད་གྱུར་པ་ཀུན། །མཐོང་དང་དྲིས་ཏེ་སྤང་བར་བྱ། །ཞེས་གསུང་པ་ལྟར་ཆོས་བྱེད་དགེ་འདུན་པ་རྣམས་ཀྱིས་རང་ངོས་ནས་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་རྣམ་བཞི་གང་ཐད་ནས་གཟབ་གཟབ་བྱེད་རྒྱུ་གལ་ཆེན་པོ་མཐོང་སོང༌།
དྲི་བ།  ཉེ་ཆར་ྋགོང་ས་མཆོག་གི་བཀའ་སློབ་ནང་ང་ཚོ་བོད་པའི་གྲྭ་བཙུན་ཚོའི་གྲངས་ཀ་མང་པོ་ཡོད་དགོས་པ་གཙོ་བོ་མིན། ཡོད་པ་དེ་སྤུས་གཙང་ཞིག་ཡིན་དགོས་པ་རེད། འདི་ནི་ང་ཚོའི་མི་འབོར་དང་འབྲེལ་བ་ཡོད་བསྡད་པ་ཞིག་ཡིན་དུས་ངས་བཤད་དགོས་བྱུང་ལ། མ་གཞི་འདི་ངས་བཤད་ན་རན་པོ་ཞིག་མི་འདུག་ཅེས་གསུངས་པའི་ཐད་དགོངས་པ་ག་འདྲ་བཞེས་ཀྱི་ཡོད།
ལན། བཀའ་སློབ་དེ་ད་ཐེངས་ཙམ་མ་ཡིན་པར་སྔ་མོ་ནས་ཡང་ཡང་ཕེབས་ཡོད་པ་རེད། དེ་ནི་ྋགོང་ས་མཆོག་གི་ཐུགས་ཀྱི་དགོངས་པ་མཐར་ཐུག་ཡིན་པ་ལས་དགོངས་པ་གཞན་དུ་འགྲེལ་རྒྱུ་དང་འགྲེལ་དགོས་དོན་ཡང་མེད་ལ། དེ་ཡང་སྔོན་སྟོན་པ་བཀའ་དྲིན་ཅན་ཉམས་མེད་ཤཱཀྱ་སེངྒེ་རང་ཉིད་ཀྱིས་སོ་ཐར་གྱི་སྡོམ་པ་གཏན་ལ་འབེབས་པའི་ཚེ། གྲྭ་བཙུན་གྲངས་མང་བ་གཙོ་བོ་མ་མཛད་པར། གང་ཡོད་པ་དེ་སྤུས་དག་པོ་ཞིག་ཡོངས་དགོས་པ་དེ་གཙོ་བོར་མཛད་ནས་དགེ་ཚུལ་ལ་བླངས་འདས་སོ་དྲུག་དང་དགེ་སློང་ལ་ཁྲིམས་ཉིས་བརྒྱ་ལྔ་བཅུ་རྩ་གསུམ་གཏན་འབེབས་གནང་ཡོད། དེ་ྋགོང་ས་མཆོག་གིས་ཕྱག་ལེན་གནང་བ་ཞིག་ཏུ་སྣང༌། དེ་ན་རབ་ཏུ་བྱུང་བའི་བྱ་བ་རྣམ་གསུམ་སྟེ། ཀློག་པ་ཐོས་བསམ་དང༌། སྤོང་བ་བསམ་གཏན། བྱ་བ་ལས་ཀྱི་འཁོར་ལོ་གསུམ་པོ་གང་གིས་ཀྱང་དངོས་གཞི་ལ་མ་ཞུགས་པར། སྐྲ་བཅད་གོས་བསྒྱུར་ཙམ་དང༌། ལྟོ་གོས་གདན་ས་གྲྭ་ཚང་ལ་བརྟེན་ཐབས་བྱས་ནས་སྡོད་པ་ཙམ་ལས། བོད་མི་རིགས་ཆགས་འཇིག་དང། ཉག་ཕྲ་བའི་དུས་སྐབས་འདིར་དངོས་སུ་སྤྱི་ཚོགས་ནང་དུ་ཞུགས་ནས་རང་ནུས་གང་ཡོད་ཀྱིས་རྒྱལ་ཁབ་དང་མི་རིགས་ལ་ཕན་པའི་སྲི་ཞུ་ཅུང་ཟད་རེ་ལས་བསྒྲུབས་མ་ཐུབ་རུང། བསྒྲུབ་ན་བཟང་བ་མཐོང་གི་ཡོད།
དྲི་བ། ང་ཚོ་ཆབ་སྲིད་སྐྱབས་བཅོལ་བའི་གནས་བབས་འོག་ཡོད་པར་བརྟེན། བསྟན་པ་འཛིན་སྐྱོང་སྤེལ་གསུམ་ལ་ཆབ་སྲིད་ཀྱི་ཁོར་ཡུག་ངེས་ཅན་ཞིག་དགོས་ཀྱི་ཡོད་དམ།
ལན། སྤྱིར་བཏང་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཁོར་ཡུག་ངེས་ཅན་ཞིག་ངེས་པར་དུ་དགོས་པ་རེད། ད་ལྟ་ང་ཚོ་ྋགོང་ས་མཆོག་གིས་དབུ་ཁྲིད་པའི་བཙན་བྱོལ་སྤྱི་ཚོགས་འདི་ལ་གཟིགས་ན་གཙོ་བོ་ྋགོང་ས་མཆོག་དང་རྒྱ་གར་སྲིད་གཞུང་གི་བཀའ་དྲིན་ལས་ཆོས་བརྒྱུད་རིས་སུ་མ་ཆད་པའི་སོ་སོའི་བཤད་སྒྲུབ་ཟུང་འབྲེལ་གྱི་བསྟན་པ་སྔར་རྒྱུན་ནང་བཞིན་འོད་སྟོང་ལྡན་པ་ཞིག་གནས་ཡོད་པ་དེ། ཁོར་ཡུག་ངེས་ཅན་ཟེར་ནའང་འདྲ་གང་ལྟར་ཁོར་ཡུག་བཟང་པོ་ཞིག་ཡོད་པའི་རྐྱེན་གྱིས་རེད། འོན་ཀྱང་གཞིས་ལུས་རྒྱ་ཆེའི་མི་མང་ནང་ལ་བལྟས་ན་དེང་སང་རྒྱ་ནག་གི་དབང་འཛིན་པ་དེ་ཚོས་འཛམ་གླིང་ཤར་ནུབ་གང་སར་བོད་ཡར་རྒྱས་བཏང་ཡོད། ཆོས་དད་རང་དབང་སྤྲད་ཡོད་ཟེར་ནས། བརྗིད་ཉམས་ལྡན་པའི་བོད་ཀྱི་མཛེས་སྡུག་གི་ཁོར་ཡུག་སོགས་ཀྱི་པར་རིས་ངོམ་བཞིན་ཡོད། དོན་དངོས་སུ་ཡར་རྒྱས་ཕར་ཞོག། སངས་རྒྱས་ཀྱི་བསྟན་པ་དྲི་མ་མེད་པ་འདི་རྩ་མེད་དུ་གཏོང་བའི་ཉེན་ཁ་ཡོད་བསྡད་པ་འདི་དང༌། བཙན་དབང་གིས་འཆད་ཉན་བྱེད་དུ་མ་བཅུག་པར་སྔ་ལོར་གདན་ས་ཁག་ཏུ་བཞུགས་པའི་སློབ་གཉེར་བ་མང་པོ་ཕྱིར་རང་ཡུལ་དུ་བསྐྲད་པ་དང༌། དེང་སང་བོད་ནང་གི་དགོན་སྡེ་མང་པོ་སྟོང་པར་འགྱུར་བཞིན་པ་དེ་ཚོ་དང༌། དེ་བཞིན་མི་མང་གིས་མཐོང་ཆེན་དང་རྩིས་ཐང་ཡོད་པའི་བླ་ཆེན་ཁག་གིས་ཆོས་ཕྱོགས་ནས་མང་ཚོགས་ལ་ཁ་ཡོད་ལག་ཡོད་ཀྱི་ཁེ་ཕན་ཆེ་བའི་ཕྱག་ལས་དེ་འདྲ་གནང་ཡོང་དུས། རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་ཉེས་འཛུགས་བྱས་ཏེ། བཀག་འགོག་བྱེད་བཞིན་པ་དེ་རེད། དཔེ་མཚོན་ཙམ་ཞུས་ན། པཎ་ཆེན་སྐུ་གོང་མ་དང༌། གུང་ཐང་རིན་པོ་ཆེ། མཁན་ཆེན་འཇིགས་མེད་ཕུན་ཚོགས། བྱ་བྲལ་རིན་པོ་ཆེ། པཎ་ཆེན་ཆུང་སྲིད་རིན་པོ་ཆེ། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། དགེ་བཤེས་བསོད་ནམས་ཕུན་ཚོགས། ལི་ཐང་དབུ་ཟུར་ཨ་ཀྲུག་བློ་སྤོ། བླ་བྲང་འཇིགས་མེད་སོགས་ཀྱི་མཚོན་པས་སྐྱེས་མཆོག་དམ་པ་མང་པོ་འཛིན་བཟུང་བཀག་ཉར་བྱས་པ་མ་ཟད། རྫས་སྦྱོར་འདྲ་མིན་ལ་བརྟེན་ནས་ལྐོག་གསོད་ཐོག་ནས་སྐུ་སྲོག་ཤོར་བའི་གནས་ཚུལ་ཡང་བྱུང་ཡོད་པ་དང༌། རེ་ཟུང་ཞིག་ད་ལྟའང་བཙོན་ཁང་དུ་བཞུགས་བཞིན་ཡོད་པ་དེ་ཚོ་ལ་བསམ་ན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པ་ལ་ཁོར་ཡུག་ངེས་ཅན་ཞིག་དགོས་པ་རྟོགས་ཐུབ་ཀྱི་རེད་དྲན་སོང༌།
དྲི་བ། མཐའ་དོན་བོད་མི་ཡོངས་དང་ལྷག་པར་དགེ་འདུན་པའི་སྡེ་ལ་བསླབ་བྱ་དང་འབོད་སྐུལ་གནང་རྒྱུ་ཡོད་དམ།
ལན། ང་ཚོ་གངས་ཅན་པ་ཆགས་འཇིག་དང་གཉན་འཕྲང་ཆེ་བའི་ཛ་དྲག་གི་དུས་སྐབས་འདིར་ང་ཚོ་ཚང་མས་ྋགོང་ས་མཆོག་གི་བཀའ་དགོངས་ལམ་སྟོན་གྱི་འོག་ནས་ཆོལ་ཁ་དང་ཆོས་ལུགས་ལུང་ཚན་བཅས་ཀྱི་འཐེན་འཁྱེར་མེད་པར་གོང་བུ་རྡོག་རྡོག་གཅིག་ཏུ་བསྒྲིལ་དགོས་པ་འདི་ནི་བོད་མི་རིགས་ཀྱི་རྩ་དོན་དང༌། འཇིག་རྟེན་བདེ་སྐྱིད་ཀྱི་གཞི་མ་ཡང་དེ་རེད་དྲན་གྱི་ཡོད། ཐབས་སྐྱོ་བ་ཞིག་ལ་དེང་སང་བོད་ཀྱི་ས་ཁུལ་མང་པོ་ན་སོ་སོའི་སྒོ་ཕྱུགས་དེ་ཚོ། ཤོག་སྒོར་འགའ་ཞིག་གི་ཆེད་བཤས་ཚོང་བྱས་ནས། ཡ་ང་སྙིང་རྗེ་མེད་པའི་རྒྱ་རིགས་ཤན་པ་དག་གིས་ཕྱུགས་རིགས་དེ་དག་གསོན་པོར་རྐང་ལག་བཅག་པ་དང་མིག་འདྲུ་བ་རྩྭ་ཆུ་མ་སྤྲད་པ་སོགས་དམྱལ་བ་ས་སྟེང་དུ་ཡོད་པ་ལྟ་བུའི་སྡུག་བསྔལ་སྤྲོད་བཞིན་ཡོད་པ་འདི་དག་མྱུར་དུ་སྐྱོབ་པའི་ནུས་པ་དང་ཐབས་ཤེས་ཤིག་གཞིས་བྱེས་བོད་རིགས་ཡོངས་ཀྱིས་གནང་དགོས་པ་དང༌། མ་འོངས་པ་ནའང༌། པཎ་ཆེན་རིན་པོ་ཆེའི་ཞལ་ནས། “ལས་ལ་བརྩོན་ཞིང་དཔའ་ངར་ལྡན་པའི། བོད་མི་རིགས་ཀྱི་བུ་རབས་ཚ་རྒྱུད་ཀྱི་མཚན་སྙན་ལ་གནོད་པའི་ཤུལ་རྗེས་ཕྲ་མོ་ཙམ་ཡང༌། ངའི་ལོ་རྒྱུས་ནང་མི་འཇོག་པའི་དམ་བཅའ་བཞག་ཡོད”གསུངས་པ་བཞིན་བྱེད་དགོས་པ་འདི་ནི་གངས་ཅན་པ་ཡོངས་ཀྱི་ལས་འགན་ཡིན།།
མོན་གྷོ་གསར་འགོད་པས་བཅར་འདྲི་ཞུས།

This will close in 0 seconds