ྋགོང་ས་བཅུ་གསུམ་པ་དང་བོད་རང་བཙན།

ཕྱི་ལོ་༡༩༡༣ ཟླ་༢ ཚེས་༡༣ བོད་ཆུ་གླང་ཟླ་༡ ཚེས་༨ ཉིན་རྒྱལ་ཁབ་བརྟན་སྲུང་དང་ཆབ་འབངས་བདེ་ཐབས་བཀའ་རྩ་དོན་ཚན་ལྔ་ཁྱབ་བསྒྲགས་གནང་བ་སོགས་བོད་རང་བཙན་དང་འབྲེལ་བའི་ཕྱག་ལས་རབས་དང་རིམ་པ་མང་པོ་ཞིག་གནང་ཡོད་པ་དང༌། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པའི་དུས་སུ་རིག་གནས་གསར་པ་ནང་འདྲེན་དང༌། བོད་མི་རིགས་དང་རྒྱལ་ཁབ་ལ་སྨན་པའི་མཛད་རྗེས་རླབས་པོ་ཆེ་མང་པོ་ཞིག་བཞག་གནང་མཛད་ཡོད་ལ། ཁོང་གི་སྐུ་དུས་སུ་འཛམ་གླིང་གི་རྒྱལ་ཁབ་གང་མང་ཞིག་གི་གནས་སྟངས་ལ་རྟོག་ཞིབ་མཛད་ཡོད། དཔེར་ན་དེང་དུས་ཅན་གྱི་དམག་སྒར་གསར་འཛུགས་དང་བོད་མི་ན་གཞོན་བློ་རིག་ཅན་ཁག་ཅིག་རྒྱ་གར་སོགས་སུ་བཏང་ནས་དམག་གི་སྦྱོང་བརྡར་སྤྲད་པ། སྦྲག་ཏར་ལས་ཁུངས་དང་འཁོར་ལམ་གསར་བཟོ། གློག་ཁང་གསར་འཛུགས། དངུལ་སྒོར་གསར་བསྐྲུན་སོགས་རྒྱལ་ཁབ་ཅིག་ལ་མཁོ་བའི་མཐུན་རྐྱེན་གང་མང་ཞིག་བསྐྲུན་ཡོད། བོད་པའི་ངོས་ནས་རྒྱ་བོད་ཀྱི་འབྲེལ་བ་ནི་མཆོད་ཡོན་སྦྱིན་བདག་གི་འབྲེལ་བ་ཡིན་པར་ངོས་འཛིན་བྱས་ཡོད་ཀྱང༌། རྒྱ་ནག་གི་ངོས་ནས་ཆབ་སྲིད་ཀྱི་དགོས་མཁོ་དང་བསྟུན་ནས་བེད་སྤྱོད་ལོག་པར་བཏང་བ་སོགས་ཕྱོགས་གཉིས་ཀྱི་ངོས་འཛིན་མི་འདྲ་བའི་འབྲེལ་བ་མང་པོ་བྱུང་ཡོད་ལ། རྒྱལ་དབང་སྐུ་ཕྲེང་རིམ་བྱོན་གཅིག་པུའི་སྐུ་དུས་ནས་བཤད་ཀྱང་རྒྱ་ནག་དང་མཆོད་ཡོན་སྦྱིན་བདག་ལྟ་བུའི་མག་མོག་གི་འབྲེལ་བ་དེ་ཡང་སྐབས་དེ་དུས་ནས་གཙང་སེལ་མཛད་ཡོད་པ་ནི། བོད་ཀྱི་ལོ་རྒྱུས་ལ་ཕྱི་མིག་བལྟ་བའི་སྐབས་གཟི་བརྗིད་ཅན་གྱི་ལེའུ་དམིགས་བསལ་བ་ཞིག་ཏུ་གྱུར་ཡོད།  
བོད་སིལ་བུར་འཐོར་བའི་རྗེས་སུ་བོད་ཀྱི་ཆབ་སྲིད་ཀྱི་སྣེ་མོ་བ་གང་མང་ཞིག་བྱུང་བའི་ནང་ནས་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་ནི་ཆབ་སྲིད་ཀྱི་ཐོག་ནས་ཕུགས་རྒྱང་རིང་ཤོས་དང་བོད་མི་རིགས་དང་རྒྱལ་ཁབ་ལ་བཀའ་དྲིན་ཆེ་ཤོས་ཀྱི་དབུ་ཁྲིད་ཅིག་ཏུ་གྱུར་ཡོད་ལ། སྐབས་དེ་དུས་ཁོང་གིས་རྒྱལ་ཁབ་བརྟན་སྲུང་དང་ཆབ་འབངས་བདེ་ཐབས་བཀའ་རྩ་དོན་ཚན་ལྔ་ཁྱབ་བསྒྲགས་གནང་བའི་“དོན་ཚན་གསུམ་པ། སྣེ་མོ་ལས་འཛིན་པ་མཆིས་སོ་ཅོག་ནས་ཁྲལ་བསྡུ་ཁྲིམས་གནོན་གྱི་བྱེད་སྒོ་ཅི་མཆིས་དྲང་པོས་གཞུང་བསྲང་གིས་གཞུང་འབངས་གཉིས་སྨན་ཐབས་ཚུལ་ལྷོད་མེད་དགོས་རྒྱུ་ལས། མངའ་རིས་སྐོར་གསུམ་དང༌། མདོ་སྨད་ཕྱོགས་སོགས་འདི་ནས་ས་ཐག་གིས་བརྒལ་བ་རྣམས་ལ་ལས་བྱེད་བསམ་མེད་རེ་ཟུང་ནས་འབམ་ཚོང་སྤུས་བསྒྱུར། དཔྱད་མཚམས་ལས་བརྒལ་བའི་རྟ་ཁལ་མི་གསུམ་གྲངས་མེད་བསྐུལ་འདེད་སོགས་ཆབ་འབངས་ཆགས་ཐབས་བྲལ་བའི་བརྡབ་མནར་དང༌། ལེ་ཐོགས་ཕྲན་བུར་བསྙད་དེ་ས་ཁང་གཞུང་ལེན་དང༌། དབང་པོ་ཡན་ལག་གཅོད་བྲེགས་སོགས་འདི་ཕྱི་ལས་འབྲས་དང༌། གཏམ་དོན་གང་ལའང་མི་གཏུབ་པའི་བྱ་ངན་འདི་རིགས་མིང་ཙམ་ཡང་མེད་པ་བཟོ་དགོས་”ཞེས་དང༌། དོན་ཚན་བཞི་པའི་ནང༌། “བོད་འདི་རྒྱལ་ཁབ་གཞན་དག་ལྟ་བུའི་སྟོབས་འབྱོར་འཕྲུལ་ཆས་མི་ལྡན་རུང༌། ཆོས་མཐུན་ཞི་བདེར་གནས་པའི་རྒྱལ་ཁབ་རང་དབང་དང་ལྡན་པ་ཞིག་ཡིན་”ཞེས་སོགས་འཁོད་པ་འདིས་ཀྱང༌། དེང་དུས་རྒྱ་གཞུང་གིས་བཤད་པ་ལྟར་བོད་ཡུལ་ཡོངས་རྫོགས་གཅིག་གྱུར་གྱི་གནས་སྟངས་ཆོས་རྒྱལ་རིམ་པའི་སྐུ་དུས་མ་གཏོགས་བྱུང་མྱོང་མེད་པས་བོད་རིགས་ཡོངས་རྫོགས་ཟེར་བ་འདི་ལོ་རྒྱུས་ཀྱི་ཐོག་ནས་བྱུང་མེད་པས་ཧམ་པ་ཡིན་ཚུལ་བརྗོད་བཞིན་པར། ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གིས་ཆོས་ཕྱོགས་ཙམ་དུ་མ་ཟད། ཆབ་སྲིད་ཀྱི་ཐོག་ནས་ཀྱང་བོད་ཆོལ་ཁ་གསུམ་གྱི་ས་ཁྱོན་ཡོངས་རྫོགས་ལ་སྤྱི་སྙོམས་གཅིག་གྱུར་གྱིས་དབང་བསྒྱུར་མཛད་ནས་བོད་རང་དབང་རང་བཙན་དུ་གནས་ཡོད་པ་ར་སྤྲོད་བྱས་ཡོད། དེར་བརྟེན་ཕྱི་ལོ་༡༩༡༢ དང༌། ཕྱི་ལོ་༡༩༡༣ གཉིས་ལ་ྋགོང་ས་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་མཆོག་གི་མཛད་རྗེས་དང་འབྲེལ་བའི་དུས་དྲན་སྲུང་བརྩི་ཞུ་བའི་ལས་འགུལ་འདྲ་མིན་སྤེལ་དགོས་པ་ནི་བོད་མི་ཡིན་ནོ་ཅོག་གི་སྐབས་སུ་བབ་པའི་ལས་འགན་གལ་ཆེན་པོ་ཞིག་ཏུ་གྱུར་ཡོད།།