རི་བོ་དགེ་ལྡན་པའི་འཇང་དགུན་ཆོས་ཆེན་མོ།
དེ་ཡང་རི་བོ་དགེ་ལྡན་པའི་ལོ་རྒྱུས་ཁྲོད་ན་ཡོངས་སུ་གྲགས་པའི་འཇང་དགུན་ཆོས་ཞེས་ཆོས་གཞུང་རྩོད་སྦྱོང་ཆེན་མོ་ནི་ལྷ་སའི་ལྷོ་ནུབ་རྒྱུད་ཀྱི་སྐྱིད་སྨད་འཇང་སྟོད་ཞེས་པའི་ས་ཆ་རུ། རྗེ་ཙོང་ཁ་པ་ཆེན་པོའི་སྐུ་དུས་སུ་ཁོང་གི་སློབ་མ་བླ་མ་མངོན་མཁྱེན་པ་ཞེས་སུ་གྲགས་པའི་བཀའ་གདམས་པའི་བླ་མ་ཞིག་གིས་རྗེ་ཙོང་ཁ་པ་ཆེན་པོའི་བཀའ་སྐུལ་བཞིན་ཕྱག་བཏབ་གནང་བའི་འཇང་དགོན་བཀྲ་ཤིས་མཐོང་སྨོན་གླིང་དུ། སྔོན་འཕགས་ཡུལ་དུ་སློབ་དཔོན་ཕྱོགས་གླང་གིས་ཚད་མ་ཀུན་བཏུས་བརྩམ་པར་བཞེད་ནས་དེའི་མཆོད་བརྗོད་རྡོ་ཐལ་ལ་བྲིས་པ་དེས་རྐྱེན་བྱས་ཏེ་མུ་སྟེགས་པའི་ཕྱོགས་ནས་སློབ་དཔོན་ལ་གནོད་འཚེ་བྱས་པ་ལ། ཁོང་ཐུགས་རྨུགས་ཏེ་རྡོ་ཐལ་དེ་ཉིད་ནམ་མཁར་འཕངས་པ་འཇང་དགོན་གྱི་གནས་དེ་ཉིད་དུ་བབས་པར་བརྟེན། དེ་དང་འཕྲད་ན་བློ་རིག་འཕེལ་བ་སོགས་ཕན་ཡོན་ཆེན་པོ་ཡོད་པར་གྲགས་པའི་འཇང་རྡོ་གཅལ་སྔོན་མོ་ཞེས་པའི་ཆོས་རྭ་དེར་སློབ་གཉེར་བ་དགེ་འདུན་པ་རྣམས་ཀྱིས་ཚད་མ་རྣམ་འགྲེལ་དང་རྟགས་རིགས། ཁ་དོག་དཀར་དམར་འཛིན་གྲྭ་བཅས་གྱི་ཉིན་ཆོས་དང༌། དགོང་མོ་མཐོ་ཆོས་དམ་བཅའ་བཅས་འཚོག་སྲོལ་ཡོད་པ་ནི་འཇང་དགུན་ཆོས་ཀྱི་ཐོག་མའི་འབྱུང་ཁུངས་ཡིན་པ་རེད། རྗེས་སུ་ྋརྒྱལ་དབང་སྐུ་ཕྲེང་ལྔ་པ་ཆེན་པོའི་སྐབས་འཇང་དགོན་པ་རྭ་སྟོད་གྲྭ་ཚང་གིས་སྟངས་འཛིན་བྱས་ནས། ར་སྟོད་གྲྭ་ཚང་གི་ཆོས་སྤྱོད་ཀྱི་མཛད་རིམ་བསྡུས་ཚད་རིག་པ་དང། རྣམ་འགྲེལ་གཙོ་བོར་གྱུར་པའི་གཞུང་ཆེན་བཀའ་པོད་ལྔ་འཆད་ཉན་གྱི་རྩོད་སྒྲ་ཡོད་པའི་ཆོས་རྭ་བརྒྱད་ཡོད་པའི་དགུན་དུས་ཀྱི་ཟླ་ཆོས་ཆེན་མོ་དེ་ལ་འཇང་དགུན་ཆོས་ཆེན་མོ་ཞེས་ཡོངས་སུ་གྲགས། རྗེས་སུ་གདན་ས་སེ་འབྲས་དགའ་གསུམ་དང་དྭགས་པོ་བཤད་སྒྲུབ་གླིང་གྲྭ་ཚང༌། ས་སྐྱའི་ཆོས་བརྒྱུད་འཛིན་པ་ལྷོ་ཁ་གོང་དཀར་ཆོས་སྡེ་བཅས་ནས་ཀྱང་ཆོས་འགྲིམ་ལ་ཕེབས་སྲོལ་བྱུང་ཡོད་འདུག ༡༩༥༩ ལོར་དུས་འགྱུར་གྱི་དབང་གིས་གནས་སྐབས་མཚམས་ཆད་ཡོད་ན་ཡང་རྗེས་སུ་རྒྱ་གར་དུ་༡༩༨༧ ལོར་སྔར་བོད་དུ་འཇང་དགུན་ཆོས་ཚུགས་སྲོལ་ཡོད་པ་ཇི་བཞིན་འདི་གའི་རྒྱ་གར་འཕགས་ཡུལ་ལྷོ་ཕྱོགས་ཀ་ཎ་ཊ་ཀའི་མངའ་སྡེའི་ཁོངས་སུ་དམ་པ་གོང་མའི་བཞེད་སྲོལ་ལྟར། ལོ་ལྟར་སེ་འབྲས་དགའ་གསུམ་འཇང་དགུན་ཆོས་ཀྱི་ཆོས་རྭ་མཉམ་ཚོགས་བྱུང་ཡོད་པ་དང། བོད་དུ་ཡང་རྭ་སྟོད་གྲྭ་ཚང་བསྐྱར་གསོ་གྲུབ་རྗེས་ཀྱི་ཕྱི་ལོ་༡༩༩༤ ལོར་འཇང་དགུན་ཆོས་བསྐྱར་གསོ་བྱས་ཏེ་ལོ་ལྟར་འཚོག་བཞིན་ཡོད་འདུག་ལ། འདི་ལོའི་འཕགས་ཡུལ་གྱི་འཇང་དགུན་ཆོས་ཆེན་མོ་ནི་སེ་ར་ཐེག་ཆེན་གླིང་དུ་ཟླ་སྔོན་མའི་ཚེས་༡༧ ཉིན་ནས་དབུ་འཛུགས་ཀྱིས་ཟླ་གཅིག་རིང་འཚོག་བཞིན་ཡོད་པ་རེད།།
མེ་སོར་གསར་འགོད་པས།