ཁོར་ཡུག་ལྷན་ཚོགས་དེ་འདོད་བློ་ཁེངས་པ་ཞིག་བྱུང་མ་སོང།
གསར་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། དབྱིན་ཡུལ་གྱི་ནུས་ཤུགས་དང་གནམ་གཤིས་འགྱུར་ལྡོག་སྐོར་གྱི་བློན་ཆེན་གྱིས་ཀོ་པིན་ཧ་གྷན་དུ་རྒྱལ་སྤྱིའི་གནམ་གཤིས་འགྱུར་ལྡོག་སྐོར་གྱི་ཚོགས་ཆེན་དེ་ཕྲན་བུ་མ་གཏོགས་དོན་ཕན་མེད་པ་ཞིག་རྒྱ་ནག་གིས་བཟོས་སོང། རྒྱ་ནག་གིས་ཁོར་ཡུག་སྲུང་སྐྱོབ་ཀྱི་ལྷན་ཚོགས་ཐོག་གི་གྲོས་མཐུན་ལ་དབང་ཤུགས་ཡོད་ཚད་ཀྱིས་དགག་པ་བརྒྱབ་སོང་ཞེས་སྐྱོན་འཛུགས་བྱས་ཡོད་ནའང། རྒྱ་ནག་གིས་དབྱིན་ཡུལ་གྱི་བློན་ཆེན་གྱིས་བརྗོད་པ་དེ་ཆབ་སྲིད་ཀྱི་གཡོ་ཇུས་ངན་པ་ཞིག་དང། ཡར་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཁག་གི་དབར་འཆམ་མཐུན་མི་ཡོང་ཆེད་ངན་སྐུལ་བྱས་པ་ཞིག་རེད་ཅེས་བརྗོད་ཡོད་པ་རེད། ཐེངས་འདིའི་ཁོར་ཡུག་ལྷན་ཚོགས་སུ་ཁྱོན་བསྡོམས་རྒྱལ་ཁབ་བརྒྱ་དང་དགུ་བཅུ་གོ་གཉིས་ལྷག་མཉམ་ཞུགས་བྱས་ཡོད་རུང། གོ་ལའི་ཚ་དྲོད་ཀྱི་ཚ་ཚད་རིམ་པ་གཉིས་ཉུང་དུ་གཏོང་རྒྱུ་གལ་ཆེ་བས་སེམས་ལ་འཇོག་རྒྱུ་ཡིན་ལུགས་ཙམ་ལས། ཁོར་ཡུག་ལྷན་ཚོགས་དེའི་གྲོས་མཐུན་ཁག་བརྟན་པོ་བཞག་ནས་མཇུག་བསྒྲིལ་ཐུབ་མེད་པ་རེད། ཁོར་ཡུག་ལྷན་ཚོགས་ཀྱི་དྲུང་ཆེས་རྒྱལ་ཁབ་ཕལ་མོ་ཆེས་གོ་ལ་སྲུང་སྐྱོབ་ཀྱི་ཆེད་ཁྲིམས་ཐོག་ནས་གྲོས་མཐུན་ཞིག་འཇོག་དགོས་པའི་རེ་འདུན་བཅངས་ཡོད་ཀྱང་རྒྱལ་ཁབ་བཞི་ལྔ་ཞིག་ནས་དེ་འདྲའི་ཁྲིམས་ཐོག་གི་གྲོས་མཐུན་དེ་འཇོག་མི་དགོས་པའི་ཆེད་གཡོལ་གང་ཐུབ་བྱས་སོང་ཞེས་བརྗོད་ཡོད་པ་རེད།
མཐའ་མཇུག་ཏུ་ཨ་རི་དང་རྒྱ་ནག རྒྱ་གར། སྦི་ར་ཛིལ། ལྷོ་ཨ་ཧྥི་རི་ཁ་བཅས་རྒྱལ་ཁབ་ལྔའི་བར་ཁོར་ཡུག་སྲུང་སྐྱོབ་དགོས་སྐོར་ལ་མོས་མཐུན་བྱས་ཡོད་ཀྱང། དེ་ཡང་ཁྲིམས་ཐོག་ནས་གཏན་འབེབས་བྱེད་ཐབས་བྱུང་མེད་པ་རེད། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀི་མུན་མཆོག་གིས་རྗེས་མའི་ལོ་འཁོར་ལྷན་ཚོགས་སྐབས་ཁྲིམས་ཐོག་ནས་གཏན་ཁེལ་བྱས་ཏེ། གོ་ལའི་སྲུང་སྐྱོབ་ཀྱི་གྲོས་མཐུན་དེ་ངེས་པར་དུ་འཇོག་དགོས་ཞེས་གསུངས་ཡོད་པ་རེད།།