བོད་མི་ཚོ་བོད་མི་བྱེད་པར་རེ་སྐུལ།
བོད་ཀྱི་རང་དབང་བོད་ཀྱི་མི་ཡིས་རྩོད།།
བོད་ཀྱི་མི་རྣམས་བོད་ཀྱི་མི་ཡིས་སྐྱོང་།།
དེ་ལས་གཞན་ན་རེ་ས་གཏན་མེད་དུས།།
ཀུན་གྱི་ཐུག་ས་བོད་ཀྱི་སྐད་ཡིག་ཡིན།།
བོད་ཀྱི་སྐད་ཡིག་མེད་ན་བོད་མིང་ཙམ།།
བོད་མིང་ཙམ་གྱི་མི་དེ་གསོན་ན་ཡང་།།
བོད་ལ་དགོས་པའི་བྱ་བཞག་གཏན་བརླག་ཡིན།།
འཛམ་གླིང་གང་སར་གནས་པའི་བོད་མི་ཚོ།།
རང་གི་བུ་དང་བུ་མོ་འཚར་ལོངས་ཁྲོད།།
བོད་ཀྱི་སྐད་ཡིག་སྤྱོང་བར་སྐུལ་མ་ཐོངས།།
བོད་ཀྱི་སྐད་ཡིག་སློབས་པར་ལམ་སྟོན་བྱོས།།
བོད་ཀྱི་སྐད་ཡིག་རང་གི་སྲོག་ལྟར་སྲུང་།།
སྲོག་དེ་ཤོར་ཡང་སྐད་ཡིག་ཤོར་མི་རུང་།།
སྐད་ཡིག་ཤོར་ན་མི་རིགས་རྫོགས་པ་ཡིན།།
སྐད་ཡིག་མེད་ན་མི་རིགས་འཇིགས་པ་ཡིན།།
སྐད་ཡིག་མེད་ན་རང་དབང་སྟོང་བ་ཡིན།།
སྐད་ཡིག་མེད་ན་ཡུལ་གྱར་བྱེད་དོན་མེད།།
སྐད་ཡིག་མེད་ན་བོད་དོན་རྩོད་དོན་མེད།།
སྐད་ཡིག་མེད་ཉིན་བོད་ལ་གང་ཡང་མེད།།
གང་ཡང་མེད་པའི་མི་རིགས་གསོན་ན་ཡང་།།
སྲོག་དབང་བྲལ་བའི་བེམ་པོ་ཞིག་དང་མཚུངས།།
བེམ་པོ་ཞིག་ལ་རྩོད་ཀྱང་སྙིང་བོ་མེད།།
སྙིང་བོ་ཡོད་པའི་བོད་ཞིག་བྱེད་འདོད་ན།།
དེ་རིང་ནས་བཟུང་བོད་ཀྱི་སྐད་དེ།།
རང་གི་སྲོག་ལས་རྩ་ཆེར་འཛིན་རོགས་གནོང་།།
