བུད་མེད་ཀྱི་ནུས་ཤུགས་སྤེལ་ཐབས།

བཙན་བྱོལ་བོད་གཞུང་དཔལ་འབྱོར་ལས་ཁུངས་ཀྱི་གོ་སྒྲིག་འོག་ཟླ་འདིའི་ཚེས་༤ ནས་༥ བར་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ཟབ་སྦྱོང་བགྲོ་གླེང་ཞིག་གངས་སྐྱིད་སྤྱི་ཐབས་ཚོགས་ཁང་དུ་འཚོགས་ཡོད་པ་དང། སྐབས་དེར་བཀའ་ཁྲི་མཁས་དབང་ཟམ་གདོང་རིན་པོ་ཆེ་མཆོག་གིས་གིས་བུད་མེད་ཀྱི་ནུས་ཤུགས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད། ད་ལྟ་བཙན་བྱོལ་བོད་གཞུང་གི་དབུས་ལས་ཁུངས་ཁག་ཏུ་ལས་བྱེད་༤༦༤ ཡོད་པའི་ནང་ནས་བུད་མེད་༡༥༥ ཡོད་པ་དང། ས་གནས་འགོ་འཛིན་ལས་ཁུངས་ཁག་དང་ས་གནས་ཁག་གི་རང་ཁོངས་ལས་བྱེད་༤༤༦ ཡོད་པའི་ནང་བུད་མེད་༢༧༡ ཡོད་འདུག ས་གནས་འཐུས་མི་བསྡོམས་པའི་༣༤༠ ཙམ་ཡོད་པའི་ནང་བུད་མེད་༣༧ དང། མཉམ་འབྲེལ་འགན་འཛིན་ལྷན་ཚོགས་ཀྱི་ཚོགས་མི་༡༥༤ ཡོད་པའི་ནང་བུད་མེད་༢༥ རང་དབང་ལྡན་པའི་ལས་འགུལ་ཚོགས་ཆུང་ཁག་གི་ནང་༢༠༦ ཡོད་པའི་ནང་༡༦ བུད་མེད་ཡིན་པ་རེད། ས་གནས་ཁག་ཏུ་བརྒྱ་དཔོན་༢༠༦ ཡོད་པའི་ནང་བུད་མེད་༦ ཡོད་པ་རེད། ༢༠༠༩ ལོ་མཇུག་ལ་འཛིན་གྲྭ་བཅུ་གཉིས་མར་ཟུང་གི་སློབ་མ་༣༨༣༤༧ ཡོད་པའི་ནང་བུད་མེད་༡༨༨༠༥ བུ་༡༩༥༥༢ ཙམ་ཡོད་པ་རེད།
བཀའ་ཁྲི་མཆོག་གིས་གསུང་དོན། སྤྱིར་བཏང་བོད་པའི་སྤྱི་ཚོགས་ནང་འདས་པའི་ལོ་སྟོང་ཕྲག་དྲུག་ཡས་མས་ཤིག་གི་རིང་ལ། བོད་མིའི་སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་སྟེ། དུས་རབས་ཉི་ཤུ་རྩ་གཅིག་གི་བར་དུ་ཕྱིར་བལྟས་ཤིག་བྱས་ན། བོད་པའི་སྤྱི་ཚོགས་ནང་སྐྱེས་པ་དང་བུད་མེད་ཀྱི་བར་ལ་འདྲ་མཉམ་མེད་པ་དང། ཡང་ན་གཅིག་གིས་གཅིག་ལ་གནོན་ཤུགས་དང་བཙན་དབང་ཡོད་པ། ལྷག་པར་དུ་བོད་པའི་སྤྱི་ཚོགས་ནང་དེའི་རྒྱུ་མཚན་ལ་བརྟེན་ནས། བསམ་ཚུལ་དང་དཀའ་རྙོག་བྱུང་མ་མྱོང་བ་ལྟ་བུ་རེད། འཛམ་གླིང་གཞན་པ་དང་བསྡུར་ན། བོད་པའི་སྤྱི་ཚོགས་ཞེ་དྲག་ཡག་པོ་རེད་བསམ་གྱི་འདུག སྤྱི་ཚོགས་ཀྱི་དཔལ་ཡོན་དར་བ་ནས་བཟུང་སྟེ་ཕོ་མོ་འདྲ་མཉམ་དང་ཕོ་མོའི་མཐུན་ལམ་གྱི་གནས་བབས་དེ་ཡག་པོ་ཡོད་པ་ཞིག་རེད། ང་རང་ཚོའི་དགེ་རྒན་དུ་བརྩི་ཡུལ། སྐྱབས་གནས་སུ་བརྩི་ཡུལ་རྒྱ་གར་ལྟ་བུ་ཡིན་ནའང། གནའ་བོའི་སྤྱི་ཚོགས་ནང་སྐྱེས་པ་བུད་མེད་ཀྱི་བར་ལ་མཐོ་དམན་གྱི་ལྟ་ཚུལ་དང། དེའི་དབང་གིས་བུད་མེད་ཚོའི་བསམ་བློའི་ནང་རང་བཞིན་གྱི་དམན་པའི་ལྟ་ཚུལ་དང། སྐྱེས་པའི་བསམ་བློའི་ནང་རང་བཞིན་གྱིས་ཁྱད་པར་འཕགས་པའི་འདུ་ཤེས་ཤིག་ཡུན་རིང་པོར་གནས་ཡོད་བསྡད་པ་འདྲ། སངས་རྒྱས་བཅོམ་ལྡན་འདས་འཇིག་རྟེན་ལ་བྱོན་པའི་སྐབས། དེ་འདྲའི་འདུ་ཤེས་མི་ཡོང་བའི་ཆེད་དུ། སངས་རྒྱས་ལ་ཡང་ཆེད་མངགས་ཀྱིས་འབད་བརྩོན་གནང་དགོས་པའི་སྐབས་མང་པོ་ཞིག་བྱུང་འདུག དེར་བརྟེན། སངས་རྒྱས་ཀྱིས་ཆོས་གསུང་པའི་སྐབས་ལ་སྐྱེས་པ་དང་བུད་མེད་གཉིས་ཀ་འཛོམས་དགོས་པ་དང། དངོས་སུ་གཉིས་ཀ་མ་འཛོམས་ན་ཡང་ཡོད་པ་རང་གཞིར་བཞག་ནས་སྐྱེས་པ་བུད་མེད་གཉིས་ཀ་ལ་འབོད་སྒྲ་སྦྱར་གྱི་ཡོད་པ་རེད། བཀའ་འགྱུར་གྱི་སྡེ་སྣོད་གསུམ་ག་འདྲ་ཞིག་ལ་བལྟས་ནའང། སངས་རྒྱས་ཀྱི་གསུང་དེ་ཚོའི་མགོ་རུ་རིགས་ཀྱི་བུ་དང་རིགས་ཀྱི་བུ་མོ་ཞེས་གཉིས་ཀར་འབོད་སྒྲ་སྦྱར་གྱི་ཡོད་པ་རེད། དེ་བཞིན་སྐྱེ་བོ་ཚོའི་མངོན་འདོད་དང་འབྲེལ་བའི་དཔེ་བཞག་ནའང། གཉིས་ཀ་མཉམ་དུ་གསུངས་པ་མ་གཏོགས། རིགས་ཀྱི་བུ་གཅིག་པུར་གསུངས་པ་དང། རིགས་ཀྱི་བུད་མེད་གཅིག་པུར་གསུངས་པ་མདོའི་ནང་དུ་རྩ་བ་ནས་ཡོད་པ་མ་རེད། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་གང་ལ་ལ་ཤེས་རབས་ཀྱི་ཕར་རོལ་ཏུ་ཕྱིན་པ་གསུངས་པ་ལྟ་བུ་དང། རིགས་ཀྱི་བུའམ་རིགས་ཀྱི་བུ་མོ་འགའ་ཞིག་གིས་བདེ་བར་གཤེགས་པ་ལ་བརྙེས་ཏེ་གསུངས་པ་ལྟ་བུ། ག་དུས་ཡིན་ནའང་དེ་མཉམ་དུ་གསུངས་པ་དེ་སྐབས་དེ་དུས་རྒྱ་གར་གྱི་སྤྱི་ཚོགས་ནང་གནས་ཚུལ་ཞིག་ཡོད་པ་དང། ལྷག་པར་དུ་རྒྱུན་ལྡན་དང་ཆོས་ཕྱོགས་ཀྱི་གནད་དོན་མང་པོ་ཞིག་གི་ཐོག་ལ་བུད་མེད་ལ་མཐོང་སྣང་ཞན་པ་ཡོད་བསྡད་པ་ཞིག་རེད། དེར་བརྟེན། སངས་རྒྱས་ཀྱི་འཁོར་རྣམ་བཞི་ཆ་ཚང་བ་ཡོང་བ་ལ་དགེ་སློང་དང་དགེ་སློང་མ། དགེ་ཚུལ་དང་དགེ་ཚུལ་མ་བཞི་པོ་མ་འཛོམས་ན་སྟོན་པའི་བསྟན་པ་ཡོངས་སུ་རྫོགས་ཀྱི་མེད་གསུངས་པ་རེད། གང་ལྟར་སྐྱེས་པ་དང་བུད་མེད་ཀྱིས་ཆ་ཤས་འདྲ་མཉམ་གྱིས་མ་བླངས་ན། སྐྱབས་གནས་དགེ་འདུན་གྱི་སྡེ་ཞིག་ཚུགས་དགོས་པ་ཡིན་ནའང། སྐྱབས་གནས་དགེ་འདུན་གྱི་སྡེ་དང། སངས་རྒྱས་ཀྱི་འཁོར་རྣམ་བཞི་ཆ་ཚང་ཞིག་ཡོང་གི་མེད་པ་གཟིགས་ཀྱི་ཡོད་པ་རེད། དེར་བརྟེན། སངས་རྒྱས་ཀྱི་ཆོས་ཐོག་མ་དར་བའི་སྐབས་ལ་རྒྱ་གར་གྱི་སྤྱི་ཚོགས་ནང་ལ་ཞན་ཆ་དེ་འདྲ་ཞིག་ཡོད་བསྡད་པ་རེད། བོད་པའི་སྤྱི་ཚོགས་ནང་དུ་ཞན་ཆ་དེ་འདྲ་ཧ་ལམ་བྱུང་མྱོང་མེད་པར་བརྟེན། བོད་ནང་འདྲ་མཉམ་གྱི་ཐོབ་ཐང་དགོས་ཀྱི་འདུག་བསམ་པའི་བསམ་ཚུལ་གྱི་འདུ་ཤེས་དེ་ཡང་བྱུང་ཡོད་པ་མ་རེད། ང་ཚོ་སྐྱབས་བཅོལ་དུ་འབྱོར་བའི་རྗེས་ལ་ཡང་དེ་འདྲ་དགོས་པའི་བསམ་ཚུལ་བྱུང་ཡོད་པ་མ་རེད། རང་བཞིན་ལྷན་སྐྱེས་ཀྱི་ཐོག་ནས་གཅིག་པ་ཡིན་པ་རིང་ལ་བརྩིས་བསྡད་ཡོད་པ་རེད་ཅེས་གསུངས་སོང། ཁོང་གིས་མུ་མཐུད་བོད་ནང་གསང་སྔགས་ཀྱི་ཆོས་ཁྱབ་བརྡལ་ཆེན་པོ་ཡོད་པ་དང། གསང་སྔགས་ཀྱི་ནང་དུ་བུད་མེད་གལ་ཆེན་པོར་བརྩིས་ཏེ། གུས་ཞབས་བྱེད་པ་སྔགས་ཀྱི་དམ་ཚིག་ཡིན་སྐོར་སོགས་ཀྱང་ངོ་སྤྲོད་གནང་སོང།
ཁོང་གིས་མུ་མཐུད་བུད་ཀྱི་ནུས་སྤེལ་བའི་ལས་འགུལ་སྐོར་གསུང་དོན། ང་ཚོས་བུད་མེད་ཀྱི་ནུས་ཤུགས་སྤེལ་པའི་ལས་འགུལ་ཞིག་དམིགས་བསལ་ཟུར་དུ་ག་རེ་བྱས་ནས་བྱེད་དགོས་པ་ཞིག་རེད་ཅེས་དྲི་བ་དེ་སླེབས་སྲིད་པ་ཞིག་རེད། སངས་རྒྱས་བཅོམ་ལྡན་འདས་ལ་ཡང་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་ཕྱག་ལས་གནང་དགོས་བྱུང་བ་སྐབས་དེའི་སྤྱི་ཚོགས་ཀྱི་དབང་གིས་བྱུང་བ་བཞིན། ང་ཚོ་དུས་རབས་ཉི་ཤུ་རྩ་གཅིག་པའི་ནང་ལ་སླེབས་སྐབས། དེའི་ཐོག་ལ་བསམ་བློ་གཏོང་དགོས་པ་དང། ལས་འགུལ་སྤེལ་དགོས་པ་དེ་ཕྱོགས་གཅིག་ནས་འཇིག་རྟེན་མཐུན་འཇུག་ལྟ་བུ་རེད་ཅེས་དང། ང་ཚོར་བུད་མེད་ཀྱི་ནུས་ཤུགས་སྤེལ་བའི་དགོས་མཁོ་དེ་ག་འདྲ་ཞིག་ཆགས་པ་རེད་ཟེར་ན། ༡༩༥༩ ལོར་ང་ཚོ་བཙན་བྱོལ་ལ་ཡོང་དུས་ནས་ཆགས་པ་རེད། དམག་མི་དེ་འདྲ་ས་མཚམས་ནས་འཛིང་ཞོར་དུ་སླེབས་ཡོད་པ་དང། གྲྭ་པ་དགོན་པ་ནས་སླེབས་ཡོང་མཁན་ཡང་ཡོད་པ་རེད། ས་མཚམས་ནས་འགྲོ་ཐུབ་མཁན་ཚོ་སླེབས་ཡོང་བ་ལས། ནང་ཆ་ཚང་སླེབས་མཁན་བྱུང་ཡོད་པ་མ་རེད། མང་ཆེ་བ་ཧྲང་ཧྲང་ཡིན་པས། ང་ཚོའི་སྤྱི་ཚོགས་ནང་གྲངས་ཀ་མང་ཉུང་གི་ཁྱད་པར་ཞིག་སྐབས་དེ་དུས་ནས་ཆགས་བསྡད་ཡོད་པ་རེད། ང་ཝ་ར་ཎ་སའི་ངེས་སྟོན་པ་ཡིན་པའི་སྐབས། ༧སྐྱབས་མགོན་རིན་པོ་ཆེས་ཡིན་གཅིག་མིན་གཉིས་བུད་མེད་མཐོ་སློབ་ནང་དུ་བཅུག་དགོས་པའི་བཀའ་གནང་བ་རེད་ཅེས་དང་ཐོག་བུད་མེད་གསུམ་ལས་འཛུལ་ཞུགས་བྱེད་མཁན་མེད་ནའང་རིམ་པས་བུད་མེད་མང་དུ་སོང་བའི་བརྒྱུད་རིམ་སོགས་གསུངས་པ་དང། ད་ལྟ་ཡང་ཆ་སྙོམ་ཡོང་བ་དང། ནུས་ཤུགས་སྤེལ་བའི་ཐབས་ལམ་ཞིག་མ་བཏོན་ན། མང་ཉུང་གིས་ཁྱད་པར་ཤོར་གྱི་ཉེན་ཁ་ཡོང་སྲིད་སྐོར་སོགས་གསུངས་སོང།{jcomments on}