བཙན་པོའི་སྙིང་སྟོབས་ཞེས་པའི་དཔེ་དེབ།
དེ་བཞིན་བོད་ནང་གི་རྩོམ་ཡིག་གང་མང་ཞིག་དབྱིན་ཇིའི་ཐོག་བསྒྱུར་བའི་བསྒྱུར་རྩོམ་དེབ་མེ་ལ་མི་འཇིགས་པའི་གསེར་ལྟ་བུ་<< Like Gold That Fears No Fire >>ཞེས་པའི་དེབ་དེ་༢༠༠༩ ལོར་Frankfurt book fair ཞེས་པའི་རྒྱལ་སྤྱིའི་དཔེ་དེབ་འགྲེམས་སྟོན་གྱི་མཛད་སྒོའི་སྟེང་དུ་འཛུལ་ཞུགས་ཀྱི་གོ་སྐབས་བཟང་པོ་ཐོབ་པ་ཡོད་པ་རེད་འདུག
བཙན་པོའི་སྙིང་སྟོབས་ཞེས་པའི་དེབ་དེའི་ནང་དུ་ཨ་མའི་བུ་རྒོད་ཀྱིས་བྲིས་པའི་<<འཇིགས་སྐྲག་ཁྲོད་ཀྱི་ཉིན་ཐོ>>དང། འགར་གསེར་ཏོག་གིས་བྲིས་པའི་<<ཚེ་སྲོག་གིས་བཞེངས་པའི་ཟིན་ཐོ་>> བྱ་མདོ་རིན་ཆེན་བཟང་པོས་བྲིས་པའི་<<མི་རིགས་ཀྱི་བདེན་སྟོབས་>> འགར་རྩེ་འཇམ་སྦྱིན་གྱིས་བྲིས་པའི་<<དོན་ངོ་མར་ངོ་ཚ་བརྒྱད་འཁུར་མཁན་སུ་རེད་>> སྒྱིས་ཚང་སྟག་སྨུག་གིས་བྲིས་པའི་<<མི་ཚེ་ཐོབ་ཐང་རྩོད་ལེན་གྱི་ཁྲོམ་སྐོར་བྱེད་སྟངས་གླེང་བ་>> སྟག་དམར་ཡག་གིས་བྲིས་པའི་<<ཆབ་སྲིད་བཙོན་མ་འགའི་སྐད་ཆ་ཟིན་བྲིས་སུ་བཏབ་པ་>> འགར་རྩེ་འཇིགས་མེད་ཀྱིས་བྲིས་པའི་<<ངའི་མི་ཚེ་དང་ངའི་སེམས་ཀྱི་ན་ཟུག>> འགར་མེ་ཆས་བྲིས་པའི་<<ཚེ་སྲོག་ལ་གྱེར་བའི་ང་རོ་>>བཅས་དང། དེབ་དེའི་རྩོམ་སྒྲིག་པ་འགར་རྩེ་འཇིགས་མེད་ལགས་ཡིན་པ་དང། ཁོང་ད་སྐབས་ལུང་པ་གཅིག་ནས་གཅིག་ཏུ་བྲོས་བྱོལ་ལ་སོང་ནས་ཕ་ཡུལ་རང་དུ་གནས་ས་མེད་པ་ཞིག་ཆགས་ཟིན་པ་དང། དེབ་དེ་ད་སྐབས་རྒྱ་གཞུང་གིས་བཀག་འགོག་བྱས་ནས་བོད་པའི་སྤྱི་ཚོགས་ནང་ལྟ་ཀློག་བྱེད་རྒྱུའི་གོ་སྐབས་མེད་པ་བཟོས་ཡོད་པ་རེད།
བཙན་པོའི་སྙིང་སྟོབས་དང་འབྲེལ་བའི་༢༠༠༨ ལོའི་ཚུན་ཆད་དུ་བོད་ནང་གི་རྩོམ་རིག་གི་ཁ་ཕྱོགས་གསར་པ་ཞིག་དང། ཡར་རྒྱས། ཆིག་སྒྲིལ་སོགས་ཀྱི་རྣམ་པ་ཞིག་རིམ་བཞིན་ཡོང་གི་ཡོད་པའི་སྐོར་ནོར་གླིང་ཉམས་ཞིབ་པ་ཨ་འཇམ་ལགས་ཀྱིས་གཏམ་བཤད་གནང་སོང་བ་དང། དེ་བཞིན་རྒྱལ་སྤྱིའི་བོད་ལས་འགུལ་ཁང་གི་འབྲེལ་མཐུད་འགན་འཛིན་ཁེ་ཊི་སན་ཌར་ལགས་ཀྱིས་<<མེ་ལ་མི་འཇིགས་པའི་གསེར་ལྟ་བུ་>>ཞེས་པའི་དཔེ་དེའི་སྐོར་ངོ་སྤྲོད་གནང་སོང།།