ལྷག་བསམ་ཅན་གྱི་དཔའ་བོ་བཀྲ་ཤིས་ཚེ་རིང།
རང་ཉིད་ལ་མདུན་ལམ་ཕུན་སུམ་ཚོགས་པ་ཡོད་བཞིན་དུ་མི་རིགས་ཀྱི་ལ་རྒྱ་དང་བོད་ཡུལ་གྱི་ཡར་རྒྱས་ཆེད་རང་ཉིད་བློས་བཏང་ནས་༡༩༦༣ ལོར་ཨ་རི་ནས་བོད་དུ་ཕྱིར་ལོག་ཕོད་པའི་ལྷག་བསམ་བཅས་ནི་སུས་བལྟས་ཀྱང་བསྔགས་བརྗོད་ཀྱི་ཡུལ་དུ་གྱུར་ཡོད་པ་རེད། ཁོང་གིས་”ཡུན་རིང་བསམ་གཞིག་མང་པོ་བྱས་པའི་རྗེས་ངས་རྒྱ་མི་བོད་དུ་ཡོང་བ་དང་དམར་ཤོག་གི་ལམ་ལུགས་དང་ལེན་བྱེད་རྒྱུ་དང། དེ་ལྟར་བྱས་ན། ང་རང་ལ་ཐོབ་པའི་ཤེས་ཡོན་རྣམས་བེད་སྤྱོད་བྱེད་བཅུག་སྟེ་བོད་དེ་དེང་རབས་ཀྱི་ཁྱད་ཆོས་མང་ཙམ་ལྡན་པའི་རྒྱལ་ཁབ་ཅིག་ཏུ་བསྒྱུར་རྒྱུར་རོགས་རམ་བྱེད་ཐུབ་ངེས་ཡིན། བཙན་བྱོལ་ནང་གི་རྒྱལ་ཞེན་རིང་ལུགས་ཙམ་གྱིས་ང་རང་ལ་བློ་ཁ་ཚིམ་ཐབས་མི་འདུག་”ཅེས་བོད་དུ་ཕྱིར་ལོག་དགོས་པའི་རྒྱུ་མཚན་བགྲང་ཡོད་པ་རེད། ད་དུང་ཁོང་གིས་”ཕྲན་གྱི་ཐོག་མའི་དད་སེམས་ནི་རང་ཉིད་ཀྱིས་ཆུང་དུས་ནས་སྦྱངས་པའི་སངས་རྒྱས་ཀྱི་གསུང་ལ་བརྟེན་ནས་བྱུང་ཞིང། ངའི་དམངས་གཙོའི་ཡིད་ཆེས་ནི་ཨ་རིའི་སློབ་གྲྭའི་ནང་ནས་སྦྱོང་སྐལ་བྱུང་བའི་ནུབ་ཕྱོགས་ཀྱི་བློ་རྒྱ་ཡངས་པའི་ལྟ་གྲུབ་ལ་བརྟེན་ནས་བྱུང། དེ་བཞིན་ངའི་རྒྱས་སྤྲོས་མེད་པའི་འཚོ་བ་ནི། བོད་མིའི་བཅོས་མ་མ་ཡིན་པའི་འདོད་ཆུང་ཆོག་ཤེས་ཀྱི་གཤིས་ཀ་བརྟེན་ནས་བྱུང་”ཞེས་དང། ”ང་སྔོན་མའི་བོད་ཀྱི་ཆོས་སྲིད་ཟུང་འབྲེལ་གྱི་ཞིང་བྲན་སྤྱི་ཚོགས་དེར་བསྐྱར་ལོག་བྱེད་འདོད་མཐའ་གཅིག་ཏུ་མེད་ལ། དེ་བཞིན་བསྒྱུར་བཅོས་དང་དེང་རབས་ཅན་གྱི་རིན་དོད་དུ་རང་གི་སྐད་ཡིག་དང་རིག་གཞུང་རྩ་བརླག་ཏུ་འགྲོ་དགོས་པ་རེད་རྩ་བ་ནས་བསམ་གྱི་མེད།”ཅེས་གསུངས་པ་དེ་དག་གི་ཐོག་ནས་ཁོང་ནི་གནད་དོན་གང་ཡིན་ཡང་དབྱེ་ཞིབ་ཀྱིས་གདམ་ག་གནང་བ་ལས། བཤད་སྒྲོས་དང་ལུགས་སྲོལ་ཨ་གསར་ཙམ་གྱི་རྗེས་སུ་མི་འབྲངས་པར་སྙིགས་དོར་བཅུད་ལེན་གྱི་གནད་ལ་མཁས་པ་ཧ་ཅང་གསལ་པོར་གྱུར་ཡོད། ཁོང་ལ་མི་ཚེ་ཧྲིལ་པོའི་རིང་ཕྱོགས་མང་པོ་ནས་དོགས་པ་རྣམ་རྟོག་དང་ཐ་ན་བཙོན་ཁང་དུ་མནར་གཅོད་ཕོག་ཀྱང་སེམས་ཤུགས་མ་ཆག་པར་རང་ཉིད་ཀྱི་ཕུགས་བསམ་ཆེད་ལས་དོན་རྒྱུན་འཁྱོངས་གནང་བ་མ་ཟད། སྐབས་རེ་འགལ་རྐྱེན་དེ་དག་ནི་ལས་དོན་ལ་ཧུར་བརྩོན་བྱེད་པའི་སྐུལ་ལྕག་ལྟ་བུར་བསྒྱུར་ཐུབ་པ་ནི་ཕུལ་དུ་བྱུང་བའི་སྙིང་སྟོབས་ཁོ་ན་ལ་བརྟེན་ནས་བྱུང་བ་རེད།
བོད་ནང་དུ་ཁོང་གིས་སློབ་གྲྭ་༧༥ ཙམ་གསར་འཛུགས་གནང་ཐུབ་པ་བྱུང་ཡོད་ལ། དེ་དག་ཀྱང་རོགས་རམ་ཁོ་ན་ལ་བརྟེན་པ་ཞིག་མ་ཡིན་པར། ཁོང་བོད་ལྗོངས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོ་ལས་རྒས་ཡོལ་སྔ་བསྣུར་གྱིས་བོད་ནང་གི་ལག་ཤེས་ཐོན་ལས་ས་གདན་ཨ་རི་སོགས་ནུབ་ཕྱོགས་སུ་ཚོང་འགྲེམས་ཀྱི་གོ་སྐབས་བཙལ་ནས་མི་མང་གི་འཚོ་བ་ཡར་རྒྱས་ལ་ཕན་པ་དང། ཚོང་གཉེར་དེའི་ཁེ་འབབ་དེ་གཙོ་བོ་བྱས་ནས་བོད་མི་རིགས་ཀྱི་སློབ་གསོའི་ཆེད་དུ་ལེགས་སྐྱེས་ཕུལ་བ། 《བོད་རྒྱ་གསུམ་ཤན་སྦྱར་གྱི་ཚིག་མཛོད་ཆེན་མོ་》རྩོམ་སྒྲིག་གནང་བ་སོགས་བོད་ཀྱི་སློབ་གསོའི་ཐོག་བྱས་རྗེས་རླབས་ཆེན་བཞག་ཡོད་པ་མ་ཟད། རྒྱ་ནག་གཞུང་ལ་བོད་ཀྱི་སློབ་གསོ་དང་འབྲེལ་བའི་སྐོར་གྱི་སྙན་ཞུ་ཐེངས་མང་ཕུལ་ཡོད་པ་དང། བོད་མི་རིགས་གཅིག་རྐང་འཛིན་པ་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་དང། སྐྱེད་མེད་བུ་ལོན་ལ་བརྟེན་ནས་བོད་ཁུལ་ཡར་རྒྱས་གཏོང་ཆེད་སོགས་འབད་བརྩོན་སྣ་མང་གནང་ཡོད། མདོར་ན་བོད་མི་རིགས་རྗེས་ལུས་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་མི་མང་དཀྱུས་མ་ལ་ཤེས་ཡོན་མེད་པ་འབའ་ཞིག་ལ་བརྟེན་ནས་བྱུང་བ་དང། མ་འོངས་པའི་མི་རབས་རྣམས་ལ་ཤེས་ཡོན་གྱི་གོ་སྐབས་འཐོབ་ཐུབ་པ་བྱས་ནས་བོད་ཡུལ་ཡར་རྒྱས་སུ་གཏོང་དགོས་པ་ནི་ཁོང་གི་དམིགས་འདུན་གཙོ་བོ་རུ་བཟུང་ཡོད་པ་རེད།།