སུད་སྒོར་འབུམ་གཅིག་དང་ཕྱེད་ལྷག་ཞལ་འདེབས་སུ་འབུལ་རྒྱུ་ཡིན།

ཡི་མུག་པའི་གོད་ཆག་ཆེན་པོ་ཞིག་བྱུང་ཡོད་པ་གོ་བའི་ཚེ་བསམ་མི་ཤེས་པ་དང། བརྗོད་མི་ཐུབ་པའི་སྡུག་བསྔལ་གྱི་ཚོར་བ་ཤུགས་ཆེན་པོ་ཞིག་སེམས་གཏིང་ནས་སྐྱེས་བྱུང། འོན་ཀྱང་དམིགས་བསལ་བྱ་ཐབས་གང་ཡང་མི་འདུག དེ་དུས་ང་རང་ནམ་རྒྱུན་སྡོད་ཡུལ་སུད་སི་ལེན་གྱི་ཆོས་ཚོགས་རིག་འཛིན་ཐེག་མཆོག་གླིང་དུ་ཡོད། ལམ་སེང་གུས་པའི་ཕ་ཡུལ་ལ་ཁ་པར་བརྒྱུད་སྐད་ཆ་དྲིས་པས་གནས་ཚུལ་གསལ་པོ་གོ་ཐོས་བྱུང། འཛམ་གླིང་ཡུལ་གྲུ་ཁག་ལ་ཡོད་པ་གུས་པའི་སྔ་འགྱུར་རིག་འཛིན་འདུས་སྡེའི་ཆོས་ཚོགས་ཁག་ལ་བཟང་སྤྱོད་སྨོན་ལམ་སོགས་ཡུལ་གྲུ་སོ་སོའི་སྐད་རིགས་ཀྱི་སྒོ་ནས་ཉིན་གྲངས་གཉིས་རིང་འཚོགས་བཅུག་པ་ཡིན། ཆོས་ཚོགས་ཁག་གི་ཚོགས་མི་རྣམས་ཀྱིས་ཀྱང་ཚག་ཚུད་པོའི་སྒོ་ནས་སྨོན་ལམ་ཡག་པོ་གནང་སོང།

དྲི་བ། རིན་པོ་ཆེ་མཆོག་གིས་ད་ལྟ་གནོད་ཐེབས་མི་མང་ལ་དཔལ་འབྱོར་གྱིས་རོགས་རམ་གནང་ཡོད་དམ།
ལན། གུས་པས་ཡུ་རོབ་ཕྱོགས་ཀྱི་སློབ་མ་རྣམས་ཀྱིས་སོ་སོའི་གང་འབྱོར་ཅི་ཐུབ་ཀྱི་སྒོ་ནས་སེར་སྣ་མེད་པའི་ཞལ་འདེབས་བསྡུ་རུབ་བྱུང་བ་ཁྱོན་བསྡོམས་སུད་སྒོར་འབུམ་གཅིག་དང་ཕྱེད་ལྷག་ཞལ་འདེབས་སུ་འབུལ་རྒྱུ་ཡིན། དངུལ་དེ་དག་ཕ་ཡུལ་ཕྱོགས་ལ་དངོས་སུ་འཕྲོད་ཐུབ་པ་བྱེད་རྒྱུའི་གྲ་སྒྲིག་འཐུས་ཚང་བྱེད་བཞིན་ཡོད་ཞུ་བ་ཡིན།

namkha rinpoche 2དྲི་བ། རིན་པོ་ཆེ་མཆོག་གིས་ད་ལྟ་རོགས་རམ་གནང་བ་ཙམ་མ་ཡིན་པར་དུས་རྒྱུན་བོད་ཕྱི་ནང་གཉིས་སུ་རོགས་རམ་ཤུགས་ཆེ་གནང་བཞིན་ཡོད་ཚུལ་འདུག་པས་དེའི་སྐོར་ངོ་སྤྲོད་གནང་ན་འགྲིག་གམ།
ལན། གུས་པས་དེ་སྔོན་གཙོ་བོ་ནི་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་གི་ཐོག་ནས་ཕྱོགས་གང་སར་ཞལ་འདེབས་གང་ཐུབ་འབུལ་བཞིན་ཡོད། ད་ལྟའི་སྐབས་སུ་རྒྱ་བལ་གཉིས་ཀྱི་ནང་ལ་སློབ་ཕྲུག་དང་ནད་པ་རྒན་གཅོང་གྲྭ་བཙུན་ཚོགས་པ་ཁག་སོགས་ཁྱོན་མི་གྲངས་༡༧༠ ཙམ་ལ་རྟག་པར་ཆད་ལུས་མེད་པར་འཚོ་བའི་མཐུན་རྐྱེན་དང། སློབ་ཡོན་སྨན་ཡོན་སོགས་དང་དགོན་པ་དང་གྲྭ་ཤག་སོགས་གྲངས་༡༣ ཙམ་ལ་རྟག་པར་འབུལ་བཞིན་ཡོད། དེ་དང་འབྲེལ་གྲུབ་མཐའ་རིས་མེད་ཀྱི་དགོན་པ་ཚོ་ལའང་གྲྭ་ཤག་དང་ལྷ་ཁང་སོགས་མང་པོ་གསར་བཞེངས་ཀྱི་མཐུན་འགྱུར་ཞུས་ཡོད། དེ་བཞིན་བོད་ནང་ལའང་དགོན་པ་དང་སྒྲུབ་གྲྭ། བཤད་གྲྭ། སློབ་གྲྭ། སྨན་ཁང། རྒན་གསོ་ཁང། ཟམ་པ་སོགས་གྲངས་༢༨ ཙམ་གསར་སྐྲུན་བྱས་ཡོད།

དྲི་བ། རིན་པོ་ཆེའི་ཆོས་ཚོགས་རྒྱལ་ཁབ་དང་ས་གནས་གང་དང་གང་དུ་ཡོད། དེའི་སྐོར་ངོ་སྤྲོད་མདོར་བསྡུས་ཤིག་གནང་རོགས།
ལན། ནམ་རྒྱུན་ང་རང་སྡོད་ས་གཙོ་བོ་སུད་སི་ཡིན་པ་དང་དེ་རུ་ཆོས་ཚོགས་རིག་འཛིན་ཐེག་མཆོག་གླིང་དང།  རིག་འཛིན་སེམས་ཉིད་ངལ་གསོ་གླིང། རིག་འཛིན་བདུད་འཇོམས་གླིང། རིག་འཛིན་ཨོ་རྒྱན་གླིང་བཅས་ཆོས་ཚོགས་ཁག་བཞི་ཡོད། དེ་བཞིན་ཧོ་ལེན་རྒྱལ་ཁབ་ཏུ་རིག་འཛིན་རྫོགས་ཆེན་གླིང་དང། ཧྥ་རན་སི་ལ་རིག་འཛིན་གྲོ་ལོད་གླིང་དང། རིག་འཛིན་ཁྲོས་མ་གླིང། རིག་འཛིན་བྱམས་བརྩེ་གླིང་སོགས་ཡོད། དེ་བཞིན་སི་ཕན་དུ་རིག་འཛིན་ཆོས་འཁོར་གླིང། སི་ཝི་ཌན་དུ་རིག་འཛིན་པདྨ་ཀ་ར་གླིང། ཨོ་རུ་སོ་ལ་རིག་འཛིན་འོད་གསལ་དགའ་ཚལ་གླིང་སོགས་ཡོད། དེ་བཞིན་ཨ་མི་རི་ཀ་རུ་རིག་འཛིན་ཕུན་ཚོགས་གླིང་དང། རིག་འཛིན་མཚོ་རྒྱལ་གླིང། རིག་འཛིན་ཡིད་དགའ་གླིང། རིག་འཛིན་མཁའ་འགྲོ་གླིང། རིག་འཛིན་མི་འགྱུར་གླིང་དང། རིག་འཛིན་རྟ་མགྲིན་གླིང། རིག་འཛིན་པདྨ་ཆོས་རྫོང་གླིང་སོགས་ཡོད། ཐེ་ཝན་དུ་རིག་འཛིན་འོད་གསལ་གསང་ཆེན་གླིང་བཅས་ནི་དངོས་ཡོད་ཀྱི་ཕན་ཐོགས་ཆེ་བའི་ཆོས་ཚོགས་ཁག་ཡིན། གཞན་མིང་ཙམ་ཡོད་པ་མང་པོ་ཡོད་ཀྱང་འདིར་ཞུས་མེད།

དྲི་བ། རིན་པོ་ཆེས་ད་བར་རླབས་ཆེན་གྱི་ཕྱག་ལས་མང་པོ་ཞིག་གནང་འདུག དེ་དག་གི་བརྒྱུད་རིམ་ནང་དཀའ་ལས་ཁག་ཤོས་ག་རེ་བྱུང་ཡོད་དཔེ་མཚོན་དང་སྦྲགས་ནས་གསུངས་རོགས། དེ་བཞིན་གྲུབ་འབྲས་ཐོན་སོང་བསམ་པའི་དགའ་སྤོབས་གནང་འོས་པ་གང་དང་གང་བྱུང་ཡོད་དམ།
ལན། གུས་པའི་མི་ཚེའི་ནང་དཀའ་ལས་ཁག་ཤོས་དེ་ལོ་༡༩༩༨ ཕྱི་ཟླ་༣ པའི་ཚེས་༡༣ ཉིན་བོད་ནས་རྒྱ་གར་ལ་བྲོས་བྱོལ་ལ་ཡོང་བའི་སྐབས་སུ་ཟླ་གཅིག་དང་ཉིན་གྲངས་༡༨ ལ་གོམ་པ་བརྒྱབ་ནས་འོང་དགོས་པ་དེ་ཡིན་ལགས། དེ་བཞིན་གུས་པའི་མི་ཚེའི་ནང་ལ་ལས་ཀ་གང་མང་ཞིག་བསྒྲུབས་ཟིན་པ་དང་མ་འོངས་པར་ཡང་མུ་མཐུད་ནས་བསྒྲུབ་འཆར་ཡོད། ཡིན་ནའང་གུས་པའི་ལས་ཀ་ཐམས་ཅད་ཀྱི་ནང་ནས་གཙོ་བོ་དེ་ནི་༧གོང་ས་མཆོག་གུས་པའི་ཆོས་ཚོགས་ལ་༢༠༠༩ ལ་ཆེད་དུ་གདན་འདྲེན་ཞུ་ཐུབ་པ་དེ་གལ་ཆེ་ཤོས་ལ་ངོས་འཛིན་བྱེད་བཞིན་ཡོད། མ་འོངས་པར་ཡང་མུ་མཐུད་ནས་༧གོང་ས་མཆོག་དང་ནང་པའི་བླ་ཆེན་ཁག་གདན་འདྲེན་ཞུ་རྒྱུའི་དམ་བཅའ་ཡང་ཡོད་ཞུ་བ་ཡིན། དེ་བཞིན་སྤྱི་ཚོགས་དང། ཆོས་དང་རིག་གཞུང་བཅས་དང་འབྲེལ་བའི་ལས་དོན་གང་མང་ཞིག་ལ་རོགས་རམ་གང་ཐུབ་བྱེད་བཞིན་པ་འདི་ཡང་སྤོབས་པ་བྱེད་འོས་པ་ཞིག་ཏུ་ངོས་འཛིན་བྱེད་བཞིན་ཡོད།

དྲི་བ། གསར་ཤོག་བརྒྱུད་རྒྱ་ཆེའི་མི་མང་ལ་འབོད་སྐུལ་ག་རེ་གནང་རྒྱུ་ཡོད་དམ།
ལན། གུས་པས་འདིར་བོད་ཀྱི་བང་ཆེན་གསར་ཤོག་བརྒྱུད་ནས་རྒྱ་ཆེའི་མི་མང་ལ་འབོད་སྐུལ་ཞུ་རྒྱུ་ཞིག་ནི། ང་ཚོ་གཞིས་བྱེས་གཉིས་སུ་བཞུགས་པའི་རྒྱ་ཆེའི་བོད་རིགས་སྤུན་ཟླ་ཡོངས་ཀྱིས་རྡོག་རྩ་གཅིག་སྒྲིལ་གྱི་སྒོ་ནས་ཆོལ་ཁའི་འཐེན་ཁྱེར་མེད་པ་དང། ཆོས་ལུགས་ཀྱི་ཕྱོགས་ལྷུང་མེད་པར་༧གོང་ས་མཆོག་གི་ཅི་གསུང་དང་དུ་བླངས་ནས་རྒྱ་བོད་གཉིས་ཀྱི་མཐུན་ལམ་བཟང་དུ་འགྲོ་བར་དམ་ཟབ་བྱེད་དགོས་པ་འདི་ནི། ཧ་ཅང་གི་གལ་ཆེན་ཞིག་ཏུ་མཐོང་གི་འདུག ལྷག་པར་དུ་བཙན་བྱོལ་སྤྱི་ཚོགས་ནང་ལ་ཡོད་པའི་བོད་རིགས་སྤུན་ཟླ་རྣམས་ལ་ཞུ་རྒྱུ་གཙོ་བོ་ཞིག་ནི། ང་ཚོ་ལ་ད་ལྟ་༧གོང་ས་མཆོག་གི་བཀའ་དྲིན་ཉག་གཅིག་ལ་བརྟེན་ནས་རྒྱལ་སྤྱིའི་ནང་གི་སྐྱབས་བཅོལ་བ་ཡག་ཤོས་ཤིག་ཆགས་ཡོད་པར་ངོས་འཛིན་བྱེད་ཤེས་དགོས་པ་རེད། དེར་བརྟེན་སྤྱི་ཚོགས་ཀྱི་ལས་ཀ་བྱེད་མཁན་སུ་ཡིན་ཡང་༧གོང་ས་མཆོག་གི་བཀའ་དགོངས་ནང་བཞིན་འགྲོ་ཐུབ་རྒྱུ་དེ་ཧ་ཅང་གི་གལ་ཆེན་པོ་རེད་འདུག དེ་མིན་སོ་སོའི་མིང་དང་གོ་ས་གཅིག་པུ་ལ་བསམ་བློ་གཏོང་མཁན་འདི་ཚོ་ནི། བོད་ཀྱི་སྤྱི་ཚོགས་ལ་ཆོས་དང་འཇིག་རྟེན་གཉིས་ཕྱོགས་ནས་ཡོད་པ་ལས་མེད་ན་དགའ་བ་ལྟ་བུ་མཐོང་གི་འདུག །

This will close in 0 seconds