བར་དོའི་འཕྲང་སྒྲོལ་གྱི་གདུང་དབྱངས་མ་ཎིའི་རྒྱང་འབོད།

དཀའ་བ་དུ་མས་བསགས་པའི་རྒྱུ་ནོར་དང་ཁང་ཁྱིམ།།
ཆ་ཤས་ཙམ་ཡང་མེད་པར་ཐལ་བ་རུ་སོང་ཞིང་།།
ཉམ་ཐག་ཤུལ་ལུས་རྣམས་ཀྱི་སྐྱོ་གདུང་གི་ངུ་འབོད།།
ཕུང་པོ་ཞུགས་ལ་ཕུལ་བའི་དུད་ཞགས་དང་འདྲེས་སོང་།།
ཨོཾ་མ་ཎི་པདྨེ་ཧཱུཾ།
བརྩེ་ཞིང་གདུང་བའི་གཉེན་ལ་སེམས་པ་དེ་འཕྲེང་བཞིན།།
སྐྱོ་ཆད་ལིང་ལིང་ཕྱི་མའི་སྔ་ལམ་དུ་ཆས་ཚེ།།
ལྷན་ཅིག་འགྲོགས་པ་ལས་ཀྱི་བུ་ཆུང་ཙམ་མ་གཏོགས། །
གྲོགས་མེད་གཅིག་པུར་འཁྱམ་པའི་ངང་ཚུལ་འདི་ཅི་དྲག །
ཨོཾ་མ་ཎི་པདྨེ་ཧཱུཾ།
འཕགས་པ་སྤྱན་རས་གཟིགས་དབང་ཐུགས་རྗེ་ཡི་གཏེར་ཆེན། །
རྣམ་ཤེས་བར་དོར་འཁྱམས་པའི་ཡིད་ལུས་ཀྱི་སེམས་ཅན། །
ལས་ཀྱིས་ཐོབ་པའི་ཕྲ་མོའི་མངོན་ཤེས་དང་འཕྲུལ་གྱིས། །
ཡི་ཆད་བསྣོན་མ་བསྟེར་བའི་སྣང་ཚུལ་ལ་གཟིགས་ཤིག །
ཨོཾ་མ་ཎི་པདྨེ་ཧཱུཾ།
རྣམ་ཤེས་བར་དོར་བྱ་སྤུ་རླུང་ཁྱེར་བཞིན་འཁྱམས་པའི། །
ཉམ་ཐག་དྲིན་ཅན་མ་རྒན་ཚེ་འདས་ནི་སྤྱི་དང་། །
རང་རིགས་སྤུན་ཟླ་ཁྲི་སྟོང་མང་པོ་ཡི་ཚོགས་རྣམས། །
བར་དོ་རང་ངོ་འཕྲོད་པར་ཐུགས་རྗེ་ཡིས་གཟིགས་ཤིག །
ཨོཾ་མ་ཎི་པདྨེ་ཧཱུཾ།
བདེ་འགྲོར་སྐྱེ་རྟགས་གསེར་བཟང་སྣམ་བུ་ལ་སོགས་པ། །
ཅི་སྟེ་མེད་ན་ཡི་ཆད་བློ་ཕམ་དེ་མི་དགོས། །
ཤུལ་ལུས་མ་ཟད་ཆོལ་གསུམ་སེར་སྐྱ་དེ་ཡོངས་ཀྱིས། །
གདུང་སེམས་མཉམ་པའི་དགེ་བསྐུར་ཟབ་མོ་ཞིག་ཡོད་དོ། །
ཨོཾ་མ་ཎི་པདྨེ་ཧཱུཾ།
ཁྱད་པར་འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི་ངོ་བོ། །
གངས་ཅན་མགོན་པོ་རྒྱལ་དབང་བསྟན་འཛིན་གྱི་རྒྱ་མཚོས། །
བདེ་འགྲོའི་རྟེན་བཟང་རྣམ་པར་དག་པ་ཞིག་འཐོབ་ཆེད། །
ཐུགས་སྨོན་བདེན་ཚིག་བསམ་གྱིས་མི་ཁྱབ་པ་ཡོད་དོ། །
ཨོཾ་མ་ཎི་པདྨེ་ཧཱུཾ།
འགྲོ་དྲུག་འཁོར་བའི་སྡུག་བསྔལ་རྒྱ་མཚོ་ལས་བསྐྱབས་ཤིང་། །
ཕྱིན་དྲུག་བསྡུ་བཞིའི་སྤྱོད་པ་རྒྱ་མཚོ་ལ་སྦྱོར་ཏེ། །
རིགས་དྲུག་རྡོ་རྗེ་འཆང་གི་གོ་འཕང་མཆོག་སྟེར་བའི། །
ཡིག་དྲུག་མ་ཎིའི་དབྱངས་རྟ་སྙན་མོ་ཞིག་ལེན་ནོ། །
ཨོཾ་མ་ཎི་པདྨེ་ཧཱུཾ།
ད་ནི་གཅེས་པའི་ཉེ་དུ་ལོངས་སྤྱོད་ལ་སོགས་པ། །
ངན་འགྲོའི་ཞགས་ཐག་ཡིན་པས་ཆགས་ཞེན་དེ་སྤངས་ནས། །
བསླུ་མེད་སྐྱབས་མཆོག་འཕགས་པ་ཐུགས་རྗེ་ནི་ཆེན་པོར། །
ཡིད་ཆེས་གདུང་ཤུགས་དྲག་པོས་གསོལ་བ་ཞིག་ཐོབ་དང་། །
ཨོཾ་མ་ཎི་པདྨེ་ཧཱུཾ།
གནས་སྐབས་མངོན་མཐོ་ལྷ་མིའི་གོ་འཕང་ཙམ་མ་ཟད། །
མཐར་ཐུག་ངེས་ལེགས་ཐར་པ་ཟག་བྲལ་གྱི་དབྱིངས་དང་། །
ཐམས་ཅད་མཁྱེན་པའི་གོ་འཕང་རིན་པོ་ཆེ་མཆོག་ཀྱང་། །
བདེ་བླག་འཐོབ་པར་ཡིད་གཉིས་དཔྱང་ཐག་དེ་མི་དགོས། །
ཨོཾ་མ་ཎི་པདྨེ་ཧཱུཾ།
འཇིགས་སྐྲག་འཁྲུལ་པའི་སྣང་བ་སྣ་ཚོགས་དང་བཅས་པའི། །
འཇིགས་རུང་བར་དོའི་འཕྲང་ལམ་དོག་མོ་ལས་བསྒྲལ་ཏེ། །
བཟོད་དཀའ་ངན་འགྲོའི་གཡང་ས་ཆེན་པོ་ལས་བསྐྱབས་ཤིང་། །
ཕུན་ཚོགས་བདེ་འགྲོའི་རྟེན་གྱི་ལམ་སྣ་དེ་དྲོངས་ཤིག །
ཨོཾ་མ་ཎི་པདྨེ་ཧཱུཾ།
སྡུག་བསྔལ་མིང་ཡང་མེད་པའི་དག་ཞིང་གི་མཆོག་གམ། །
སར་གནས་སེམས་དཔའ་རྣམས་ཀྱིས་སྨོན་ཡུལ་དུ་གྱུར་པ། །
མ་དག་འཛམ་གླིང་ལས་ཀྱི་ས་པ་ཡི་མཆོག་གྱུར། །
འཕགས་པ་སྤྱན་རས་གཟིགས་ཀྱིས་འདུལ་ཞིང་འདི་ཡིན་ནོ། །
ཨོཾ་མ་ཎི་པདྨེ་ཧཱུཾ།
གངས་དཀར་རི་བོས་ཁོ་ར་ཁོར་ཡུག་ཏུ་བསྐོར་བའི། །
ཆོས་ལྡན་གངས་ཅན་བོད་ཀྱི་ཞིང་ཁམས་ཞེས་གྲགས་པར། །
རིགས་རུས་ཆོ་འབྲང་བཟང་པོའི་མཚན་ཉིད་དང་ལྡན་པའི། །
གདོང་དམར་རིགས་བརྒྱུད་གཙང་མར་སྐྱེ་བ་རུ་བྱིན་རློབས། །
ཨོཾ་མ་ཎི་པདྨེ་ཧཱུཾ།
སྐྱེས་མ་ཐག་ནས་བཟང་པོའི་བག་ཆགས་ཀྱི་སྟོབས་ཀྱིས། །
ཡ་རབ་གོམས་གཤིས་བཟང་པོ་རང་ཆས་སུ་མངའ་ཞིང་། །
ལྟ་སྤྱོད་ཆོས་མཐུན་རྣམ་དཔྱོད་ལ་རྒྱ་དང་ལྡན་པས་། །
བོད་མིའི་སྙིང་ནོར་སྲུང་སྐྱོབ་ནུས་པ་རུ་བྱིན་རློབས། །
ཨོཾ་མ་ཎི་པདྨེ་ཧཱུཾ།
ལྷག་པར་ཤེས་འཇོན་ལྷག་བསམ་གསུམ་ལྡན་གྱི་སྒོ་ནས། །
ཞི་བདེའི་དེད་དཔོན་མཆོག་གི་རླབས་ཆེན་གྱི་ཐུགས་བཞེད། །
བོད་ཡུལ་འཛམ་གླིང་ཞི་བདེའི་བསྟི་གནས་སུ་སྒྱུར་བའི། །
ལས་ཀྱི་བྱེད་པོ་མཆོག་ཏུ་འགྱུར་བ་རུ་བྱིན་རློབས། །
ཨོཾ་མ་ཎི་པདྨེ་ཧཱུཾ།
མདོར་ན་མ་འོངས་སྐྱེ་བའི་ཕྲེང་བ་ནི་ཀུན་ཏུ། །
འཕགས་མཆོག་སྤྱན་རས་གཟིགས་ཀྱི་ཐུགས་བརྩེ་ཡི་ལྕགས་ཀྱུས། །
འབྲལ་མེད་རྗེས་བཟུང་སྒྲུབ་པའི་མཆོད་པ་དང་བཅས་ཏེ། །
དོན་གཉིས་ལྷུན་གྱིས་འགྲུབ་པའི་སྨོན་ལམ་ཞིག་འདེབས་སོ། །
ཨོཾ་མ་ཎི་པདྨེ་ཧཱུཾ།
འདི་ནི་༤པའི་༡༤ཉིན་ཡུལ་ཤུལ་སྐྱེ་དགུ་མདོའི་ས་ཡོམ་གྱི་ཁྲོད་དུ་སྤུན་ཟླ་ཁྲི་སྟོང་མང་པོ་རྐྱེན་འདས་སུ་སོང་བ་རྣམས་ཀྱི་བདུན་ཚིགས་གསུམ་པར་གདུང་སེམས་མཉམ་བསྐྱེད་ཀྱི་ཚུལ་དུ་བྲིས་པའོ།།