གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་ལོ་༥༩ འཁོར་བ།
དྷ་སའི་ཁུལ་དུ་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་གོ་སྒྲིག་འོག་སཱ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ། གྲོས་མཐུན་དོན་ཚན་བཅུ་བདུན་གྱི་སྔ་རྗེས་གནས་སྟངས་ཞེས་པའི་བགྲོ་གླེང་ཞིག་ཀྱང་འཚོགས་ཡོད་པ་དང། བགྲོ་གླེང་ཐོག་བོད་མི་མང་སྤྱི་འཐས་འབའ་པ་སྐལ་བཟང་རྒྱལ་མཚན་དང། དབུས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་དྲུང་ཆེ་དོན་གྲུབ་ལྷ་དར་གཉིས་ཀྱིས་གསུང་བཤད་གནང་བ་ཡོད་པ་རེད། གྲོས་མཐུན་དོན་ཚན་བཅུ་བདུན་དང། ད་ལྟ་བོད་གཞུང་གིས་བཏོན་པའི་མི་རིགས་ས་གནས་རང་སྐྱོང་ཡོང་ཐབས་བསམ་འཆར་ཡིག་ཆ་གཉིས་ཀྱི་ཁྱད་པར་གང་ཡོད་བགྲོ་གླེང་བྱས་རྗེས། རྒྱ་ནག་གིས་བཙན་གནོན་དང། དྲག་པོའི་སྡིགས་རའི་འོག་ཏུ་བཞག་པའི་གྲོས་མཐུན་དོན་ཚན་བཅུ་བདུན་དེ་ཉིད་ཁས་ལེན་རྩ་བ་ནས་མེད་པའི་ཡོངས་ཁྱབ་ཀྱི་གསལ་བསྒྲགས་གནང་ཡོད་པ་རེད།
དེ་བཞིན་ཨ་རིའི་ནིའུ་ཡོག་དང་ནིའུ་ཇར་སི་གྲོང་ཁྱེར་གཉིས་སུ་ཡོད་པའི་ས་གནས་གཞོན་ནུས་ཉིན་མོ་དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་བཙན་དབང་གིས་བཞག་པའི་མུན་ནག་གི་ཉིན་མོར་སྲུང་བརྩི་བྱས་པ་མ་ཟད། རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཇན་ཏར་མན་ཏར་དུ་རྒྱ་གར་བོད་དོན་རྒྱབ་སྐྱོར་ཚོགས་པས་སྣེ་ཁྲིད་དེ་ས་གནས་གཞོན་ནུའི་ཚོགས་མི་དང་བོད་མི་རྣམས་མཉམ་ཞུགས་ཀྱིས་ངོ་རྒོལ་སྐད་འབོད་བྱས་ཡོད་པ་དང། རྒྱ་གར་ལྷོ་ཕྱོགས་མའེ་སོར་གྲོང་ཁྱེར་དུའང་བྷེལ་ཀོབ་དང། ཀོ་ལི་གྷལ། ཧོང་སུར་བཅས་ས་གནས་གསུམ་གྱི་ས་གནས་བུད་མེད་ཚོགས་པ་དང། ས་གནས་གཞོན་ནུས་གོ་སྒྲིག་འོག་བོད་མི་རྣམས་ཀྱིས་ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་བྱས་ཡོད་པ་རེད།
འོན་ཀྱང་ཉིན་དེར་རྒྱ་ནག་གཞུང་གིས་བོད་ལྗོངས་ཞི་བས་བཅིངས་འགྲོལ་ཐོབ་ནས་ལོ་༥༩ འཁོར་བའི་རྗེས་དྲན་གྱི་ཉིན་མོ་ཡིན་ཞིང་། ལོ་ངོ་༥༩ སྔོན་གྱི་དེ་རིང་ནི་ཀྲུང་དབྱང་མི་དམངས་སྲིད་གཞུང་དང་བོད་ལྗོངས་ས་གནས་སྲིད་གཞུང་གཉིས་ཀྱིས་པེ་ཅིང་དུ་《བོད་ལྗོངས་ཞི་བས་བཅིངས་འགྲོལ་གཏོང་ཐབས་སྐོར་གྱི་གྲོས་མཐུན》ལ་མིང་རྟགས་བཀོད་དེ། བོད་ལྗོངས་ཀྱི་ལོ་རྒྱུས་སུ་ཆེས་འོད་སྟོང་ལྡན་པའི་དུས་སྐབས་གསར་པ་ཞིག་གི་འགོ་བརྩམས་པ་དང་། དུས་དེ་ནས་བཟུང་བོད་ལྗོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མེས་རྒྱལ་ཁྱིམ་ཚང་ཆེན་པོ་དང་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་སྡུག་མཉམ་ཁུར་དང་། སྐྱིད་མཉམ་རོལ། ཁ་ཞེ་གཉིས་མཐུན། མཛའ་མཐུན་མཉམ་གནས་ཀྱི་ངང་ནས་གོང་དུ་འཕེལ་བཞིན་ཡོད་པ་རེད་ཅེས་དོན་དངོས་དང་མི་མཐུན་པའི་འཁྱོག་བརྗོད་བྱས་ཡོད་པ་རེད།།
{jcomments on}