གླ་ཆ་སྤར་བ་གཅིག་པུའི་འགྲིག་ཐབས་མེད་ཟེར།

དེ་ཡང་ལོ་འདིར་རྒྱ་ནག་གི་ལྷོ་ཁུལ་དུ་ཡོད་པ་ཧྲིན་ཀྲན་འཕྲུལ་རིགས་དངོས་ཆས་བཟོ་གྲྭ་དེར་ལས་བྱེད་མི་བཅུ་ལས་ཀའི་རྐྱེན་གྱིས་རང་ཤི་བརྒྱབ་པའི་གནས་ཚུལ་བྱུང་བ་དང། ཉིན་ཤས་སྔོན་ཧོང་ཌ་དང་ཧྥོག་སེ་ཁོན་གཙོས་བཟོ་གྲྭ་ཆེ་ཁག་གི་ལས་བྱེད་ཚོས་གླ་ཆ་སྤར་དགོས་པའི་ངོ་རྒོལ་ཤུགས་ཆེན་བྱས་པས། བཟོ་གྲྭ་ཆེ་ཁག་མང་པོ་ཞིག་གིས་ལས་མིའི་གླ་ཆ་བརྒྱ་ཆ་༦༥ སྤར་རྒྱུའི་ཁས་ལེན་བྱས་ཡོད་འདུག  ཚོང་ལས་ཉམས་ཞིབ་མཁས་པ་འགས་དེ་ནི་དངུལ་གྱི་དཀའ་ངལ་གཅིག་པུ་མིན་པར་སྤྱི་ཚོགས་དང་མིའི་བདེ་སྡུག་དང་འབྲེལ་བའི་མགོ་རྙོག་གི་དཀའ་ངལ་ཞིག་ཡིན་ཚུལ་བརྗོད་ཡོད་པ་རེད།

བཟོ་ལས་འབྲེལ་ལམ་ཐད་ཀྱི་མཁས་པ་ཏའེ་ཅང་ཀྲུང་གྱིས་བརྗོད་པ་ལྟར་ན། གླ་ཆ་སྤར་ན་དཀའ་ངལ་ཕྲན་བུ་སེལ་ཐུབ་ཀྱི་རེད་དེ། དེ་གཅིག་པུའི་འགྲིག་གི་མ་རེད། ལས་གླ་སྤར་རྒྱུ་དེ་སྤྱིར་རྒྱ་ནག་གི་ཚོང་རིགས་ལས་ཀའི་ཡར་རྒྱས་བསྒྱུར་བཅོས་ཀྱི་ཆ་ཤས་གཅིག་དེ་རེད་ཅེས་དང། དེ་ལས་གཞན་པའི་ལས་མིའི་གཞི་རྩའི་དགོས་ངེས་ཐོབ་ཐང་ཡར་རྒྱས་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་གི་གྲོང་གསེབ་ཁག་མི་མང་པོ་ཞིག་གནས་སྤོ་བྱས་ནས་ཆེད་མངགས་གྲོང་ཁྱེར་གྱི་ཚོང་ལས་ཁང་ཁག་ཏུ་ལས་ཀ་བྱེད་པར་ཡོང་བ་རྣམས་ལ། འཕྲོད་བསྟེན་དང། ཤེས་ཡོན། སྡོད་གནས་སོགས་དགོས་ངེས་ཀྱི་ཐོབ་ཐང་དང་ཆ་རྐྱེན་རག་གི་མེད་པ་དེ་དཀའ་ངལ་ཆེན་པོ་རེད་ཅེས་འགྲེལ་བརྗོད་བྱས་འདུག

སྤྱིར་རྒྱ་ནག་གི་ཐོན་ཁུངས་ཅ་དངོས་རིགས་བཟོ་གླ་ཆེས་ཆུང་ཆུང་ཐོག་ནས་བཟོས་པ་ཡིན་སྟབས། རང་བཞིན་གྱིས་རྒྱལ་སྤྱིའི་ཚོང་རར་རིན་གོང་ཆུང་ཆུང་ཐོག་ཉོ་ཚོང་བྱེད་བཞིན་ཡོད་པ་དང། ཉེ་ཆར་བཟོ་གྲྭའི་ལས་གླ་སྤར་རྒྱུའི་འཆར་གཞི་དེས་རྒྱ་ནག་གི་ཅ་དངོས་རིགས་ལ་རིན་གོང་མཐོ་རུ་འགྲོ་རྒྱུ་དང། སྤྱིར་ལུང་པའི་དཔལ་འབྱོར་ལའང་འཕོ་འགྱུར་ཡོང་རྒྱུའི་སྔོན་བརྡ་ཡིན་ཚུལ་དཔལ་འབྱོར་རིག་པའི་མཁས་པ་མང་པོས་ཚོད་རྩིས་བྱེད་ཀྱི་ཡོད་ཚུལ་གསར་ལམ་ཁག་ནས་གནས་ཚུལ་སྤེལ་ཡོད་པ་རེད།།