ལྕམ་ནན་སི་ཕི་ལོ་སིས་བོད་དོན་གྲོས་མོལ་དགོས་པའི་འབོད་སྐུལ།
ཟླ་འདིའི་ཚེས་༧ ཉིན་ཨ་རིའི་ཝ་ཤིན་ཊོན་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ༧གོང་ས་མཆོག་དགུང་གྲངས་༧༥ ལ་ཕེབས་པའི་སྐུ་ཡི་འཁྲུངས་སྐར་དང་བསྟུན་ནས། ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ནན་སི་པི་ལོ་སི་མཆོག་གིས། ༧གོང་ས་མཆོག་ལ་འཚམས་འདྲི་ཞུས་པ་དང་སྦྲགས་ནས། བོད་རྒྱ་གཉིས་དབར་དོན་ལྡན་གྱི་གྲོས་མོས་བྱེད་དགོས་པའི་ནན་སྐུལ་བྱས་ཡོད་པ་རེད།
དེ་ཡང་ཚོགས་གཙོ་མཆོག་གི་གསུང་འཕྲིན་ནང། “བློ་གྲོས་དང་ཞི་བདེས་ཕྱུག་པའི་༧ཏཱ་ལའི་བླ་མ་མཆོག་གིས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་གནད་དོན་དེ། རྒྱལ་སྤྱིས་སེམས་འཚབ་བྱེད་དགོས་པའི་གནད་དོན་ཞིག་ལ་བསྒྱུར་གནང་ཡོད་པ་དང། དཀའ་ངལ་འདི་སེལ་རྒྱུར་དུས་ཚོད་རིང་པོར་འགོར་ཡོད་པ་རེད། ༧ཏཱ་ལའི་བླ་མ་མཆོག་གིས་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་ཚོ་དང་ཐུག་འཕྲད་ཀྱི་དགོངས་བཞེས་གནང་གི་ཡོད་པས། རྒྱ་ནག་གཞུང་ཕྱོགས་ནས་བོད་དོན་གྲོས་བསྡུར་གྱི་ཆེད་དུ། གདེངས་ཚོད་ཡོད་པའི་ཐོག་ནས་གདན་ཞུའི་བརྡ་འཕྲིན་གཏོང་རྒྱུ་དེ་ངའི་རེ་བ་ཡིན་”ཞེས་འཁོད་ཡོད་པ་རེད།
ཡང་གསུང་འཕྲིན་དེའི་ནང་། “རྒྱ་བོད་གཉིས་དབར་དོན་ལྡན་གྱི་ཞི་མོལ་བྱེད་ཐུབ་ན་བོད་ནང་ལྷིང་འཇགས་ཡོང་ཐུབ་པ་དང། འཛམ་གླིང་འདིའི་ཐོག་རྒྱ་ནག་གི་མཚན་སྙན་གྲགས་སྲུང་སྐྱོབ་བྱེད་ཐུབ་ངེས་ཡིན་ཞིང། ༧ཏཱ་ལའི་བླ་མ་མཆོག་གིས་སྐུ་ཚེ་གང་པོར་བྱམས་སྙིང་རྗེ་གོང་སྤེལ་དང་ཞི་བདེ་དར་ཁྱབ། འཛམ་གླིང་འདིའི་འགྲོ་བ་མི་ཡོངས་ཀྱི་ཐོབ་ཐང་གི་ཆེད་དུ། སྐུ་ངལ་འཛེམས་མེད་ཐོག་ནས་ཕྱག་ལས་གནང་བར་ངའི་ངོས་ནས་ཐུགས་རྗེ་བླ་ལྷག་ཏུ་ཆེ་ཞུ་རྒྱུ་ཡིན་”ཞེས། ༧གོང་ས་མཆོག་གི་འཁྲུངས་སྐར་ཉིན་ལྕམ་ནན་སི་པི་ལོ་སི་མཆོག་གི་དྲིལ་བསྒྲགས་གསུང་འཕྲིན་ནང་འཁོད་ཡོད་པ་རེད།།
{jcomments on}