མཉམ་འབྲེལ་རྒྱལ་ཚོགས་མཉམ་འབྲེལ་གྱིས་འགྲོ་ཐུབ་ཀྱི་མི་འདུག

དེ་ཡང་ཟླ་འདིའི་ཚེས་༢༠ ཉིན་བོད་ཀྱི་དཔེ་མཛོད་ཁང་གི་ཚོགས་ཁང་ནང། དྷ་སར་རྟེན་གཞིར་བྱས་ཡོད་པའི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་ཁང་དང། སུད་སི་རྗི་ནི་ཝ་ཡི་འགྲོ་བ་མིའི་ཐོབ་ཐང་སྦྱོང་བརྡར་ལྟེ་གནས་ཁང། སུད་སི་་བོད་གཞུང་དོན་གཅོད་ལས་ཁུངས་བཅས་ཀྱི་གོ་སྒྲིག་འོག གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གཅིག་གི་འཐུས་མི་དང་། དྷ་སའི་ཉེ་འཁོར་གྱི་སློབ་གྲྭ་ཁག་གཅིག་གི་དགེ་རྒན། ལྷོ་ཕྱོགས་ནས་ཕེབས་པའི་མཐོ་རིམ་སློབ་མ་བཅས། ཁྱོན་མི་གྲངས་༣༠ ལྷག་ཙམ་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་སྒྲོམ་གཞི་ཞེས་པའི་བརྗོད་གཞིའི་ཐོག ཉིན་གྲངས་༣ རིང་སུད་སི་ནས་ཕེབས་པའི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ། ལོ་གྲངས་༣༠ རིང་ལ་ཕྱག་ལས་གནང་མྱོང་བའི་སྐུ་ཞབས་རྫོ་ཌི་ར་མཆོག་གིས་ཟབ་ཁྲིད་གནང་གི་ཡོད་པ་རེད།

20010_7_20དང་ཐོག་བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གི་འགན་འཛིན་གྱིས། “ང་ཚོས་དུས་རྒྱུན་དུ་བོད་ནང་འགྲོ་བ་མིའི་ཐོབ་ཐང་མི་འདུག་ཅེས། སྐད་འབོད་བརྒྱབ་པ་དང་མཉམ་འབྲེལ་རྒྱལ་ཚོགས་སུ་སྙན་ཞུ་ཕུལ་པ་སོགས་བྱེད་ཀྱི་ཡོད་པ་རེད། དོན་ངོ་མའི་ཐོག་ང་ཚོའི་སྙན་ཞུ་དང་བོད་ནང་དཀའ་ངལ་ཡོད་པའི་སྐོར་གྱི་གནད་དོན་དེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་གླེང་སྟེགས་སྟེང་སླེབས་ཐུབ་ཀྱི་ཡོད་མ་རེད། དེས་ན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་སྒྲོམ་གཞི་དང། དེའི་ཁྱབ་ཁོངས་སོགས་ཤེས་པ་བྱེད་རྒྱུ་ནི་ཧ་ཅང་གལ་ཆེན་པོ་ཡིན་པས། ང་ཚོས་ཟབ་སྦྱོང་འདི་གོ་སྒྲིག་ཞུས་པ་ཡིན་”ཞེས་གསུངས་སོང།

དེ་རྗེས་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས། “དེང་སང་རྒྱ་ནག་ཕྱོགས་ནས་འགྲོ་བ་མིའི་ཐོབ་ཐང་ཐད་ལ་སྲིད་བྱུས་སྣ་ཚོགས་འཛིན་གྱི་ཡོད་པ་དང།  དེ་བཞིན་རྒྱལ་སྤྱིའི་ཁྲོད་ནས་རྒྱ་ནག་གི་ཚོང་འབྲེལ་གཞི་རྒྱ་ཆེན་པོ་ཆགས་བཞིན་ཡོད་པས། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྐོར་བདེན་པ་ང་ཚོར་ཡོད་ནའང། མཉམ་འབྲེལ་རྒྱལ་ཚོགས་སོགས་རྒྱལ་སྤྱིའི་སྡིངས་ཆའི་སྟེང་བསྐྱལ་སར་འགྲོ་དུས། གནད་དོན་དེ་སྐྱེལ་ཐུབ་མ་ཐུབ་བྱེད་ཀྱི་ཡོད་པ་རེད། དེར་བརྟེན་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་ནང་བྱིས་པའི་ཐོབ་ཐང་དང། ཆོས་ཕྱོགས་ཀྱི་ཐོབ་ཐང་། ཆབ་སྲིད་བཙོན་པའི་ཐོབ་ཐང་ཟེར་བ་སོགས་སྡེ་ཚན་འདྲ་མིན་མང་པོ་ཡོད་རེད། དེ་ཚོའི་སྐོར་ལ་ཟབ་སྦྱོང་འདི་འདྲའི་སྐབས་སུ་ཤེས་ཐབས་བྱེད་རྒྱུ་ནི་གལ་ཆེན་པོ་རེད་”ཅེས་གསུངས་སོང།

དེ་བཞིན་ཟབ་སྦྱོང་སྤྲོད་མཁན་སྐུ་ཞབས་རྫོ་ཌི་ར་མཆོག་གིས། དམག་ཆེན་གཉིས་པ་མཇུག་བསྡུས་ནས་མཉམ་སྦྲེལ་རྒྱལ་ཚོགས་ཚུལ་ཇི་ལྟར་བཙུགས་པ་དང། དེའི་དམིགས་ཡུལ་གང་ཡིན། ད་ལྟའི་སྐབས་རྒྱལ་ཚོགས་ཀྱི་ཁྱབ་ཁོངས་ནང་རྒྱལ་ཁབ་ག་ཚོད་ཡོད་མེད་དང། འགྲོ་བ་མིའི་ཐོབ་ཐང་གི་སྐོར་དེ་རྒྱལ་ཚོགས་ནས་དྲིལ་བསྒྲགས་བྱེད་དགོས་པའི་དམིགས་ཡུལ་སོགས་ངོ་སྤྲོད་བྱས་པ་དང་། དེ་བཞིན་ཁོང་གིས་ཟབ་སྦྱོང་འདིའི་སྐབས་རྒྱལ་ཚོགས་དེ་ཇི་ལྟར་སྙིང་རྗེ་པོ་ཡིན་མིན་སྐོར་བརྗོད་འདོད་མེད་ལ།  རྒྱལ་ཚོགས་ཀྱིས་རྒྱུ་མཚན་གང་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་གི་སྐོར་ལ་ལས་དོན་སྒྲུབ་ཀྱི་ཡོད་མ་རེད་ཟེར་བའི་སྐོར་བཤད་འདོད་ཡོད་ཅེས་གསུངས་སོང། ད་དུང་ཁོང་གིས་མཉམ་འབྲེལ་རྒྱལ་ཚོགས་ཞེས་འབོད་ཀྱི་ཡོད་རེད་དེ། དོན་དངོས་ཐོག་མཉམ་འབྲེལ་གྱི་ཐོག་ནས་འགྲོ་ཐུབ་ཀྱི་མེད་པ་དང། ལས་དོན་གང་བསྒྲུབས་རུང་རྒྱལ་ཁབ་ཕན་ཚུན་གྱི་འབྲེལ་ལམ་དམ་འཛིན་དང་། དཔལ་འབྱོར་འཕེལ་རྒྱས་ཁོ་ན་ལ་དམིགས་ནས་འགྲོ་བཞིན་ཡོད་པ་རེད་ཅེས་སོགས་གསུངས་སོང།

{jcomments on}