ཤེས་རིག་ལས་ཁུངས་ཀྱི་དབྱིན་བོད་བརྡ་ཆད་གསར་པའི་དེབ།
བོད་གཞུང་ཤེས་རིག་ལས་ཁུངས་ཀྱི་རྩོམ་སྒྲིག་སྡེ་ཚན་ནས་གཙོ་འགན་ཁུར་པ་དང། ཨ་ཙཱརྱ་ཀརྨ་སྨོན་ལམ་ལགས་ཀྱིས་གཙོས་བཙན་བྱོལ་ནང་གི་ཤེས་ཡོན་པའི་སྡེ་ཚན་ཁག་གིས་སྐུ་ཚབ་མཉམ་འཛོམས་ཀྱིས་གསར་བཟོ་དང། སྒྲིག་སྦྱོར་བྱས་ཏེ། <<ཨིན་བོད་ཤན་སྦྱར་གཏན་འབེབས་བརྡ་ཆད་>>དེབ་ཕྲེང་གཉིས་པ་དེ་འགྲེམས་སྤེལ་བྱས་ཡོད་པ་རེད། དེབ་ཕྲེང་དང་པོ་ཕྱི་ལོ་༢༠༠༨ ལོར་འགྲེམས་སྤེལ་བྱས་པ་དང། དེའི་ནང་ཐ་སྙད་གྲངས་༡༥༠༠ ཙམ་ཡོད་པ་རེད། ད་ལྟ་དེབ་ཕྲེང་དང་པོ་དང་གཉིས་པ་མཉམ་དུ་ཟླ་སྒྲིལ་བཏང་སྟེ། པར་སྐྲུན་བྱས་ཡོད་པ་དང། བསྡོམས་པའི་ཐ་སྙད་༢༥༠༠ ལྷག་ཡོད་འདུག
དེབ་དེར་གཙོ་བོ་འཛིན་སྐྱོང་དང། དངོས་ཁམས། རྫས་སྦྱོར། གསོ་རིག སྐར་རྩིས། རྩི་ཤིང་བཅས་སྡེ་ཚན་དྲུག་གི་སྐོར་ཡིན་པ་རེད།
ལས་འཆར་གྱི་རྩ་འཛིན་ལམ་སྟོན་ནི། ཇི་ལྟར་ཡང་བོད་སྐད་ཀྱི་རང་གཤིས་མ་ཉམས་པ། བྱེ་བྲེག་རྟོགས་བྱེད་དང་སྒྲ་སྦྱོར་བམ་པོ་གཉིས་པའི་དགོངས་དོན་གཙོ་བཟུང། རྒྱ་གར་དང་རྒྱ་ནག ཉི་ཧོང་སོགས་ཀྱི་རྩ་འཛིན་ཁག་ནས་ལེགས་ཆ་ལེན་རྒྱུ། འབྲི་སླ་བ་དང་བརྗོད་བདེ་བ། ཡིད་ལ་འཛིན་སླ་བ། བཀའ་བསྟན་གཙོས་པའི་སྔ་མོའི་ཐ་སྙད་བེད་མེད་མ་ལུས་པ་དང། གོ་དོན་གསར་པ་སྦྱོར་ཐབས། ལེགས་སྦྱར་དང་ཧིན་དི་སོགས་ཀྱི་ཐ་སྙད་སྦྱོར་ཐབས་བོད་ཀྱི་སྐད་ལ་མི་འཚམས་པ་རྣམས་བཙན་ཐབས་ཀྱིས་མི་སྦྱོར་བ། ཡུལ་གཞན་གྱི་སྒྲ་རང་སོར་བཞག་པའམ་ཟུར་ཆགས་པ་རྣམས་ཀྱི་དག་ཆ་གཏན་འབེབས་སྐབས་བོད་སྐད་རང་གི་གོ་དོན་མི་སྟེར་བ་གཙོ་བཟུང། བོད་ཀྱི་ནང་ད་བར་བཟོས་ཟིན་པའི་བརྡ་ཆད་རྣམས་རྨང་གཞིར་འཇོག་རྒྱུ་ཡང་ཆབ་སྲིད་ཀྱི་བསམ་བློའི་དགོས་གལ་གྱིས་བཏགས་པ་དང་རྩ་བའི་ལྟ་གྲུབ་དང་མི་མཐུན་པ་རྣམས་ལ་ཞུ་དག་དང་བསྐྱར་བཅོས་བྱ་རྒྱུ། གསར་གཏོད་དང་གསར་བྱུང་གི་ཚིག་དེའི་ཐོག་མའི་འབྱུང་ཁྱུངས་དང་གོ་དོན་ལ་ཁུངས་གཏུགས་གང་ཐུབ། མདོར་ན་བོད་ཀྱི་སྐད་ཡིག་དེ། རྒྱ་སྐད་ཀྱིས་གཙོས་པའི་སྐད་ཡིག་གཞན་གྱི་མི་སེར་སྤེལ་ཡུལ་དུ་མ་གྱུར་པ་བྱ་རྒྱུ། བརྡ་ཆད་དང་སྐད་ཀྱི་རིག་གནས་ལ་མཁས་པའི་ཁྱད་ལས་པས་དཔྱད་པ་སོང་བ་དགོས་རྒྱུ་བཅས་དོན་ཚན་༡༡ ལ་རྩ་འཛིན་བྱས་ཡོད་པ་རེད།
{jcomments on}
