ཀིརྟི་རིན་པོ་ཆེའི་འབྲུག་ཆུའི་མི་མང་ལ་འཚམས་འཕྲིན།

༄༅།། མཛའ་ཞིང་བརྩེ་བའི་སྤུན་གྲོགས་འབྲུག་ཆུ་རྫོང་གི་སེར་སྐྱ་མི་མང་ལྷན་རྒྱས་ལ་གསོལ་རྒྱུར།

ད་ལམ་ཕྱི་ཟླ་ ༨ པའི་ཚེས་ ༨ ཉིན་གྱི་ཞོགས་པར་སྔོན་བསགས་ལས་ངན་འབྲས་བུ་དུས་སུ་སྨིན་པས་ཐེ་སྨད་རྒྱུད་ཀྱི་འབྲུག་ཆུ་རྫོང་དུ་གློ་བུར་དུ་ཆུ་ལོག་གི་རྐྱེན་ངན་ཟློག་ཏུ་མེད་པས་རྒྱ་བོད་སྤུན་ཟླ་མང་པོ་ཕྱི་མའི་ལྔ་ལམ་དུ་གྱུར་པ་དང༌། སྒོ་ཕྱུགས་སེམས་ཅན་གྱིས་མཚོན་ཁང་ས་ཞིང་སོགས་རྒྱུ་དངོས་ཀྱི་གྱོང་གུད་ཚད་ལས་བརྒལ་བ་ཕོགས་པའི་ཤུལ་ལུས་རྣམས་སྡུག་བསྔལ་གྱི་ཚོར་བ་དྲག་པོས་གནོན་བཞིན་པའི་གནས་ཚུལ་གོ་མ་ཐག་བློ་ཕམ་ཚད་མེད་བྱུང༌། ཁྱེད་ཅག་དང་སྐྱིད་སྡུག་མཉམ་སྤྱོད་བྱེད་འདོད་ནའང་ལས་དབང་ཟློག་ཏུ་མེད་པས་ཡུལ་ས་ཁད་ཀྱིས་བསྐལ་པ་སོགས་རྐྱེན་ངན་སྣ་ཚོགས་པའི་གཞན་དབང་དུ་གྱུར་པས་སེམས་གསོ་གཏོང་རྒྱུ་ཙམ་ལས་དངོས་སུ་ཕན་ཐོགས་བྱེད་ཐུབ་པའི་གོ་སྐབས་བྲལ།

འདི་ནས་འབྲུག་ཆུ་རྫོང་གི་གནས་ཚུལ་གོ་མ་ཐག་རྒྱ་བོད་འདས་གསོན་རྣམས་ཀྱི་ཆེད་ལམ་སང་མཆོད་མེ་བརྒྱ་མཆོད་འགའ་ཤས་འབུལ་བཤམས་དང་འབྲེལ་འདས་པོ་རྣམས་ལ་བསྔོ་བ་སྨོན་ལམ་དང་ཤུལ་ལུས་ཚོར་སྐུ་རིམ་གསུང་དུ་བཅུག ྋསྐྱབས་ཡུལ་གོང་མ་རྣམས་ལ་བསྔོ་རྟེན་ཕུལ་བ་དང༌། གཙུག་ལག་ཁང་གི་རྟེན་མཆོག་སྤྱན་སྔར་གསེར་སྐོང་སྒྲོན་འབུལ། ལྷག་པར་གནས་མཆོག་རྡོ་རྗེ་གདན་དང༌། གནས་ཆེན་ཝ་ར་ཎ་སིར་སྟོང་མཆོད་འབུལ་རྒྱུ་སོགས་ཀྱིས་མཚོན་དགེ་སྒྲུབ་གང་ཐུབ་བྱས་པའི་མཐུས་ཁྱེད་ཅག་སྡུག་བསྔལ་ལས་མྱུར་དུ་གྲོལ་བའི་རེ་སྨོན་ཞུ་བཞིན་ཡོད།

ཁྱེད་ཅག་ཤུལ་ལུས་རྣམས་ཀྱིས་སྡུག་བསྔལ་ལ་བཟོད་བསྲན་གྱིས་སྙིང་སྟོབས་ཆེན་པོས་དོན་དམ་པའི་འཆམ་མཐུན་གྱི་ལས་ལ་བརྩོན་ཏེ་ཁྱིམ་ཚང་བསྐྱར་འཛུགས་ཀྱིས་མཚོན་འབད་བརྩོན་ལྷོད་མེད་བྱས་ན་བྱ་བ་ལམ་ལྷོང་ཡོང་བར་ངོས་ནས་གསོལ་འདེབས་གང་ཤེས་རྒྱུན་བསྲིང་ཞུ་བཞིན་ཡོད་ལགས་ན།

དེ་གའི་འབྲེལ་ཡོད་དང་ཐག་ཉེ་འབྲེལ་མཚུངས་སེར་སྐྱ་ཀུན་ནས་སྡུག་བསྔལ་གྱིས་མནར་བཞིན་པའི་ཤུལ་ལུས་འདི་དག་ལ་སྙིང་རྗེའི་བསམ་པས་ཀུན་ནས་བསླངས་ཏེ་རོགས་མགོན་གང་ཐུབ་གནང་དང་གནང་བཞིན་པར་བསྔགས་བརྗོད་དང་འབྲེལ་རོགས་སྐྱོར་གནང་བ་ལས་ལྷག་པའི་འདི་ཕྱིའི་དོན་ཆེན་བསྒྲུབ་རྒྱུ་མེད་པས། ད་དུང་ཡང་མུ་མཐུད་རོགས་རམ་ཡོང་བའི་རེ་སྐུལ་ཞུ་བ་དང་ཆབས་ཅིག་བསླུ་མེད་མཆོག་གསུམ་རྒྱ་མཚོར་ཁྱེད་ཅག་གི་བྱ་བ་ལམ་ལྷོང་ཡོང་བའི་གསོལ་འདེབས་ཤུགས་དྲག་ཞུ། རྒྱ་གར་འཕགས་ཡུལ་ནས་འབྲས་རོང་པོ་ཆོས་རྗེའམ་ཀིརྟི་སྤྲུལ་མིང་འཛིན་པ་བློ་བཟང་བསྟན་འཛིན་པས། ཕྱི་ལོ་ ༢༠༡༠ ཟླ་ ༨ ཚེས་ ༡༠ ལ་ཕུལ།