ཊིའི་ཊར་དྲ་ལམ་བརྒྱུད་ནས་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ།
ཟླ་འདིའི་ཚེས་༢༣ ཉིན་བརྒྱུད་ལམ་ཁག་ནས་གནས་ཚུ་སྤེལ་བ་ལྟར་ན། ལས་འགུལ་དེའི་དྲ་ལམ་ནང་རྒྱ་ནག་དང་དབྱིན་ཡུལ། བོད། ཨ་རི། རྒྱ་གར། ཧྥ་རན་སི་སོགས་ནས་མི་མང་པོ་འཛུལ་ཞུགས་བྱས་ཏེ། སྲིད་བློན་ཝིན་ལ་བོད་ནང་གི་དཀའ་ངལ་སེལ་ཐབས་ཀྱི་བསམ་ཚུལ་མང་པོ་བྲིས་ཡོད་པ་རེད།
བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་རྡོ་རྗེས། “བོད་མིའི་དཀའ་སྡུག་གི་འབོད་སྒྲ་དེ་རྒྱ་ནག་གི་དཔོན་རིགས་ཚོས་གོ་ཡི་ཡོད་པ་མ་རེད། དེ་རིང་ང་ཚོའི་ལས་འགུལ་འདིས། པེ་ཅིང་གི་དཔོན་རིགས་ཚོར་བརྡ་གསལ་པོ་ཞིག་བཏང་ཡོད་བསམ་གྱི་འདུག་”ཅེས་བརྗོད་ཡོད་པ་རེད།
ཨ་རིའི་ནང་གི་བོད་རང་དབང་སློབ་ཕྲུག་ཚོགས་པའི་འགན་འཛིན་བསྟན་འཛིན་སྒྲོལ་དཀར་གྱིས། “ད་ལྟའི་སྐབས་རྒྱ་ནག་གི་ཆབ་སྲིད་ལམ་ལུགས་ཀྱི་དཀའ་ངལ་ལ་གདོང་ལེན་དང། ཞི་འཇམ་ཡོང་ཐབས་སུ་སྲིད་བློན་ཝིན་ཇཱ་པའོ་བཟང་ཤོས་སུ་བརྩི་བཞིན་ཡོད་ཀྱང། བོད་ནང་རྒྱ་ནག་གིས་བསམ་སྤྱོད་ལས་འདས་པའི་བཙན་འཛུལ་བྱས་པའི་དངོས་ཡོད་ཀྱི་གནས་ཚུལ་དེ་ལ། སྲིད་བློན་གྱིས་གཡོལ་གང་ཐུབ་བྱས་པ་དེ་ནམ་ཡང་ཡོང་ཐབས་མེད་པ་ཞིག་རེད། ཨ་རིའི་སྲིད་འཛིན་གཙོ་བོར་གྱུར་པའི་འཛམ་གླིང་གི་དཔོན་རིགས་ཚོས། དེ་རིང་གི་ལས་འགུལ་འདི་བརྒྱུད་ནས། བོད་ནང་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་མེད་པའི་འབོད་སྒྲ་གོ་ཡོད་པ་རེད་”ཅེས་སོགས། ལས་འགུལ་བ་ཚོའི་གཏམ་བཤད་དང་བསམ་ཚུལ། ཊིའི་ཊར་དྲ་ལམ་གྱི་འཆར་འགོད་བརྒྱུད་ནས་ཁང་ཆེན་ཁག་གི་ངོས་སུ་ཡི་གེ་མཐོང་རྒྱུ་ཡོད་པ་བྱས་ཡོད་པ་རེད།
རྒྱ་གར་ནས་བོད་རང་བཙན་འཐབ་རྩོད་པ་བསྟན་འཛིན་བརྩོན་འགྲུས་ལགས་ཀྱིས། “སྲིད་བློན་ཝིན་ཇཱའོ་པའོ་ལགས། ཁྱེད་རང་སྔོན་དུས་ཨུ་རུ་སུའི་དམར་གཞུང་བཅིངས་གྲོལ་གཏོང་མཁན་མི་སྣ་གྲགས་ཅན་གྷོར་གྷག་ལྟ་བུ་ཆགས་ངེས་རེད། དེ་ནས་རྒྱ་ནག་ལ་རང་དབང་དང་། བོད་ལ་རང་དབང། ད་དུང་བཙན་འཛུལ་འོག་པའི་རྒྱལ་ཁབ་གཞན་དག་ལ་རང་དབང་ཐོབ་ཀྱི་རེད་”ཅེས་བྲིས་ཡོད་པ་རེད། དེ་བཞིན་རྒྱལ་ཁབ་ཁག་མང་པོའི་ནང་ཡོད་པའི་བོད་པའི་ན་གཞོན་ཚོས། རང་རང་གི་བསམ་ཚུལ་བརྗོད་ནས་དྲ་ལམ་གྱི་འཆར་འགོད་བརྒྱུད་པའི་ངོ་རྒོལ་དེས། རྒྱལ་ཚོགས་ཀྱི་ཚོགས་འདུ་ལ་ཕེབས་པའི་དཔོན་རིགས་ཚོར་ཤུགས་རྐྱེན་ངེས་ཅན་ཞིག་ཐེབས་ཡོད་པའི་གནས་ཚུལ་ཐོན་ཡོད་པ་རེད།།
{jcomments on}
