དངུལ་གྱི་བཟོ་གྲྭ་ཡོད་དྲན་སྡོད་ལོ།
ཁོའི་ངོ་གདོང་ལ་མེ་ཤུགས་ཅུང་ཆེ་བའི་ཤེལ་མིག་ཞིག་གཡོག་ཡོད་པས། དེ་ནི་ཁོ་ལ་མཚོན་ན། ངོ་ཕོད་ཆེ་བྱེད་ཀྱི་རམ་འདེགས་རང་རེད། ཁོས་རྒྱུན་དུ་ཡུལ་སྨད་ཕྱོགས་ཀྱི་རིགས་རྒྱུད་ཅིག་ཡིན་ཚུལ་བཤད་ཀྱང་། དེ་ནི་ཁོ་རང་གི་སེམས་འཕང་མཐོ་རོགས་ཙམ་སྟེ། ཁོའི་གཟུགས་བྱད་དང་། ཀུན་སྤྱོད་དེས་ཀྱང་ཁོ་ལ་ངོས་ལེན་བྱེད་ཀྱིན་མེད། གང་ལྟར་ཁོ་རང་གཡོན་ལྟ་གཡོན་ལྟ་ཞིག་གིས་ཕྱིན་སོང་། ཁོས་ང་ལ་བྱིན་པའི་ཚོར་སྣང་ནི། དོགས་མ་བདེ་བ་ཞིག་རེད། དེ་མ་ཐག་ངས་ཀྱང་བསྡད་ས་དེ་ཕར་ཙམ་སྤོས་ནས་ཁོའི་རྗེས་ལ་ཕྱོགས།
ལགས་ལགས་སོ། ལགས་ལགས་སོ། ངས་གོ་བ་ནི་འདི་འདྲ་ཞིག་རེད། ད་རུང་ཁོ་ཚོའི་སྐད་ཤུགས་ཆེ་རུ་ཕྱིན་བ་དེས་འདི་འདྲ་ཞིག་ཀྱང་ཐོས་ཀྱིན་འདུག “ངས་ཁྱོད་རང་ཕག་གསོས་གསོས་བྱས་པ་དེ། ད་འདི་རེད་བ། ཁྱོད་ཀྱིས་ང་ལ་ཕག་ཞིག་གི་གོ་ཆོད་རྒྱུར་ཕར་ཞོགས། ཕག་སྐྱག་ཞིག་ཡིན་ན། དེས་ཞིང་ཁའི་ནང་ལ་ལུད་བྱ་ཆོག་གི་རེད་ད།”
ཁོས “ལགས་ལགས་སོ། ངས་ཁྱབ་བསྒྲགས་གང་ཐུབ་ཐུབ་ཅིག་ཞུས་པས་ནི། མང་ཚོགས་བསོད་ནམས་སྐམ་པ་རང་རེད། ཁོ་ཚོས་ཁྱེད་རང་གིས་དེ་སྔོན་ང་ལ་འདི་ལྟར་དྲིན་གྱིས་སྐྱོང་བའང་མགོ་ཚོས་མི་འདུག” མོས། “ག་རེ་མང་ཚོགས། ང་ཚོའི་མང་ཚོགས་ནི། ད་ལྟ་རྩྭ་ཆུ་མ་རག་པའི་སེམས་ཅན་དང་གཅིག་པ་རེད། དེ་རྣམས་ལ་གཟན་ཡག་པོ་ཞིག་སྟེར་བ་ཡིན་ན། སྟེར་མཁན་དེ་ལམ་སང་ངོ་ཤེས་ཀྱི་རེད། ཡིན་ནའང་ངས་བསྐུར་བའི་དངུལ་རྣམས་གཏོང་ས་ལ་མ་གཏོང་བ། རང་གིས་ཉར་ནས་བསྡད་པ་རེད། ད་སྤོ་ཏོ་ཤི་ཁ་ལ་མོ། དེ་ཙམ་གྱི་གོ་རྟོགས་ཡང་སྐྱེས་མི་འདུག”ཟེར་བ་དང་། ཁོས་ལྕེ་ལེ་དེ་བྲང་ངོར་ཕབ་ནས། གཉེར་མ་འདུས་པའི་ལག་པ་དེས་ཕྱག་རྒྱ་ཞིག་བཅའ་ཁུལ་གྱིས
“ ལགས། ལགས་སོ། ང་ད་རེས་ལྷོ་ཕྱོགས་ལ་འགྲོ་ནས་ཁྱབ་བསྒྲགས་ཡག་པོ་ཞིག་བྱ་རྒྱུའི་བསམ་ཚུལ་དེ་ལྕམ་ལགས་ལ་ཞུ་དགོས་དྲན་བསྡད་ཡོད། གདན་ས་རྣམས་ལ་སྐོར་ཐུབ་དགོས་ཀྱི་ཡོད་རབས་འདུག ལགས་སོ། ངས་ད་རེས་ང་རང་གི་བུ་ལའང་ཨུ་ཚུགས་རྒྱག་ཆོག སྤྱིར་བཏང་ལྕམ་ལགས་ཀྱིས་མིག་ཆུ་དེ་ད་རེས་གང་མང་མང་གཏོང་དགོས་ད། ང་ཚོའི་མང་ཚོགས་ལ་སྙིང་རྗེ་ཟེར་བ་དང་། ཡིད་ཆེས་བྱེད་ཆོག་ཆོག་ཞིག་ནམ་རྒྱུན་ནས་ཡོད་རེད་བ་ལགས།”
མོས་ “ད་ཁྱོད་ཀྱིས་ག་རེ་ལབ་ཀྱིན་ཡོད། ངས་ད་ག་རེ་བྱེད་དགོས་རེད། ཨ་་་ ངས་ཇོ་ལགས་ལ་ག་རེ་ཞུ་དགོས་རེད།”ཅེས་ལབ་སོང་། འོ་ཡ། ངུ་སྐད་ད་ག་རང་རྒྱག་བྱུང་། མིག་ཆུ་ད་ག་རང་ནས་གཏོང་བྱུང་། མོས་ངུ་སྐད་འདྲེས་མའི་ངང་ “ཇོ་ལགས་ཀྱིས། ཁ་སྔོན་ང་ལ། ཁྱོད་རང་ཧམ་པ་ཆེ་དྲགས་འདུག ལས་དཀའ་ཡག་ཉེས་ཆེན་པོ་དེ་འདྲ་མ་བཟོ་གསུངས་སོང་། ངས་ཁོང་ལ་ད་རེས་ང་ལ་གདེང་ཚོད་ཡོད། ང་ལའང་མང་ཚོགས་འགུགས་པའི་ཆ་རྐྱེན་བོད་ཆོལ་ཁ་གསུམ་གྱི་ཨ་ཕྲུག་དེ་འདྲ་ཡག་པོ་ཡོད། ཞུས་པ་ཡིན། ཇོ་ལགས་ཀྱིས། དེ་ནས་ང་ལ་གཏམ་ལན་མ་སྦྱར་བ། ཡཡཡ། ད་ཁྱོད་རང་ཆུང་ཆུང་མ་རེད།
དེ་ག་ནང་བཞིན་ཆབ་སྲིད་ཀྱི་སྡིངས་ཆ་ལ་སླེབས་ནས་དུས་ཡུན་གང་མཚམས་སོང་ཟིན་པ་རེད། ངས་དྲན་ན། ད་རེས་སྤྱི་མཐུས་ནང་རང་འཇག་ཕྱིན་ནས། བསྟན་འཛིན་རྣམ་རྒྱལ་ལ་འབྲེལ་བ་འགྲོ་བཞིན་པ་འདིའི་རྒྱུན་སྐྱོང་བའི་ཐོག བློ་བཟང་སེང་གེ་ཟེར་མཁན་དེ་ལའང་འདྲིས་པོ་བྱས་ན། གོ་སྐབས་ཞིག་གིས་སོ་སོར་ཚུར་བཙལ་ཡོང་གི་རེད། ཡཡ། ད་ཁྱོད་རང་འདོད་མོས་གྱིས། ལས་དཀའ་ག་རེ་བྱས་ནའང་དངུལ་དགོས་རེད། དེའི་ནང་ནས། སྔོན་མ་དང་འདྲ་མ་རེད། བཀའ་ཁྲིའི་འོས་མིར་ལངས་ན། མང་ཚོགས་ནང་དངུལ་འགྲོ་སྒོ་ཆེ་རེད། བྱས་ཙང་། དངུལ་དེ་ཚོ་སྤྲུལ་སྐུའི་འགྲམ་ནས་བླངས་ན་འགྲིག་གི་རེད་གསུངས་སོང་། ད་ང་གང་དྲགས” ཟེར་ནས་ངུ་ཤུགས་དེའང་ཆེ་རུ་ཆེ་རུ་འགྲོ་ཀྱིན་འདུག
ངས་གོ་སྐབས་འདི་བཟུང་ནས་སྒེའུ་ཁུང་གི་བར་གསེང་ནས་ཁོ་གཉིས་ཀྱི་གློག་བརྙན་བལྟས། ཁོས “ལགས་ལགས་སོ། སྐུ་ངོ་ལགས་དངོས་གནས་དྲིན་ཆེན་ཡིན། སྤྱིར་བཏང་ཞུས་ན། ལྕམ་ལགས་ཀྱིས་བདེ་སྲུང་བཀའ་བློན་འགྲོ་ཐུབ་པ་ཞིག་གསུངས་མ་སོང་བས། ངས་མང་ཚོགས་ལ་འབྲེལ་བཤད་རྒྱག་དུས། ལྕམ་ལགས་ནི། བདེ་སྲུང་ལས་དཀའི་ཐོག་འཇོན་པོ་ཡོད་རེད་ཞུས་པ་ཡིན། མི་འགའ་རེས་ལབ་ཀྱིན་འདུག བདེ་སྲུང་ནང་ལ། ཕོ་གསར་རྫིག་པོ་ཏག་ཏག་ཡོད་རེད། བྱུས་ཡག་པོ་འདུག་ལབ་ཀྱིན་འདུག ངས་ཀྱང་ཕོ་གསར་ཚོ་ལ་ལས་དཀའ་བསྐོ་མཁན་ལྕམ་ལགས་ཡག་པོ་ཡོད་རེད་ལབ་པ་ཡིན” ལབ་སོང་།
མོས་ “ག་རེ་ལས་དཀའ་བསྐོ་མཁན། ལྟས་ངན་ཁྱོད་ཡིན། ད་རེས་ང་རང་ལ་འོས་ཤོག་ཏོག་ཙམ་རག་པ་འདི། དགེ་བཤེས་྾྾྾྾ལགས་དང་། གྲྭ་ཚང་ ྾྾྾྾ རྣམས་ཀྱི་བཀའ་དྲིན་རེད། ཁྱོད་ཚོ་ཁ་ཟ་རྐུབ་ལུགས་རང་རེད། ང་རང་ད་རེས་འོས་ཤོག་ཚད་མཐོན་པོ་ཞིག་སླེབས་པའི་ཡིད་ཆེས་ཤིག་བྱས་ཡོད། དེ་ལྟར་བྱུང་བ་ཡིན་ན། དེའི་རྗེས་སུ། སྤོབས་པ་དེ་ཁྱེར་ནས། བཀའ་ཁྲིའི་འོས་ཤོར་ནའང་འཇུ་ས་ཡོད་པ་ཞིག་གི་ཆེད། བློ་བཟང་སེང་གེ་ལ་འབྲེལ་བ་བྱ་རྒྱུའི་འཆར་གཞི་ཡོད། ཡིན་ནའང་ད་ནི། བཤད་ན་ངོས་ལེན་མི་བྱེད་པ་ཞིག་དང་། སོང་ན་རྗེས་མི་ཟིན་པའི་དུས་ཚོད་ཅིག་ལ་ལྷག་སོང་། ད་རེས་ངའི་ལག་ནང་གི་རྒྱུ་ཤོར། རྐུབ་འོག་གི་གདན་ཤོར། མ་འོངས་པའི་དམིགས་འདུན་ཤོར། ཚང་མ་ཤོར་སོང་། དཀོན་མཆོག་མཁྱེན། ང་ལ་ཐུགས་རྗེས་གཟིགས་རོགས།” ཟེར་ནས་ལག་པ་གཉིས་ཀྱིས་གདོང་བ་ཡོངས་རྫོགས་ཤུགས་ཀྱིས་འཕུར་སོང་བས། མིག་ཀྱང་དམར་པོ་ཆགས་བྱུང་།
ཁོ་ཉལ་ཁྲིའི་ཐོག་ནས་མར་ལྷོད་ཀྱིས་ས་ལ་བབ་སྟེ། ས་ངོས་ཀྱི་གྲུམ་གདན་སྟེང་དུ་བསྡད་ཞོར “ལགས་ལགས་སོ། ལྕམ་ལགས། ཞབས་སྙུང་གི་འདུག་གམ། ངས་འཕུར་མཉེ་ཞིག་གཏོང་དགོས་སམ། རླུང་ལ་ཕན་གྱི་རེད་ད” མོས། ག་དུས་ཤིག་ནས་བྱེད་སྟངས་དེ་ལ་ཆ་རྒྱུས་ཡོད་པའི་ཟོལ་གྱིས་ལན་ཅིའང་བྱིན་མ་སོང་། ཁོས་ཅི་ཞིག་གི་བརྡ་འཕྲོད་པ་ལྟར། ཡར་ཙམ་ནུད་ནས། མོའི་རྐང་ལྷམ་ཕུད་ཏེ། འཕུར་མཉེའི་བཀུར་སྟི་བྱེད་འགོ་བརྩམས་སོང་། གློ་བུར་བ་ཞིག་གིས། “དཀོན་མཆོག་མཁྱེན། ཨ་རོ་རོརོ་རོ་་་་་་་་་་ ངའི་འགྲམ་རུས་བཅག་སོང་། ཨ་འོ། ལྕམ་ལགས། དེ་འདྲ་བཞུ་ཉེན་ཡོད་་རེད་བས། ཨ་རོ་རོ་རོ་་་” ཟེར་ནས་ཡར་ལང་ཞོར། ཁོས་ལག་སྙོབ་བྱེད་ཀྱིན་ཅི་ཞིག་འཚོལ་བཞིན་འདུག
མོས “ཁྱོད་རང་ཉི་མ་དེ་རིང་ནས་རྒྱུགས་ཤིག ད་རེས་དངོས་གཞིའི་འོས་བསྡུའི་ནང་ལ། འོས་ཤོག་ཡག་པོ་ཞིག་རག་ཐུབ་པ་ཞིག་དང་། དེའི་སྔོན་ལ་ཁྱབ་བསྒྲགས་ཡིད་ཚིམ་པ་ཞིག་བྱོས་ཤོག་མ་གཏོགས། ངས་ཁྱོད་མི་འཇོག་ཐག་ཆོད་ཡིན། ཁྱབ་བསྒྲགས་ཚང་མ་བློ་བཟང་སེང་གེ་ལ་དགའ་མོས་བྱེད་ས་ག་བ་འདུག་ན། དེ་ལ་བྱོས། དཔེར་ན། འབྲས་སྤུངས་དང་། གཞིས་ཆགས་ཁག་ནང་ལ་ཟེར་བཞིན་ཡིན། སེ་ར་དང་རྣམ་གྲོལ་གླིང་ལ་འགྲོ་མི་དགོས”
ཁོས “ལགས་ལགས་སོ། ལྕམ་ལགས། སྐུ་མཁྱེན་ངའི་མྱིག་ཤེལ་དེ་གང་ན་འདུག་གམ། ངས་ལྕམ་ལགས་ཡག་པོ་ཞིག་གཏན་ནས་མཐོང་གི་མི་འདུག ང་ལ་མྱིག་ཤེལ་མེད་ན། ལྕམ་ལགས་ཁྱབ་བསྒྲགས་གང་འདྲས་ཟེར་བྱེད་དགོས་རེད།” ཅེས་ཟེར་ལབ་སོང་། དེ་ཙམ་ན། ཁོ་མོ་ལ་ཅི་ཞིག་གིས་བྱམས་སེམས་སྐྱེས་པ་ལྟར། སྒོ་ཁུག་ཏུ་གཡུག་ཡོད་པའི་མྱིག་ཤེལ་དེ་ཡར་བླངས་ནས། པང་གདན་དེས་ཡག་པོ་ཞིག་ཕྱིས་སོང་བ་མ་ཟད། ཁོའི་གདོང་ལའང་གཡོག་རོགས་བྱས་སོང་། དེ་ཙམ་དུ་མ་ཟད། ཁོའི་དཔུང་པ་ནས་བཟུང་སྟེ། ཡར་སློང་ཞོར། “ད་གས་བྱས་མ་བྱུང་བ། ང་རླུང་ལངས་ན། ངས་ང་རང་ལ་ཚད་བཀག་བྱེད་ཐུབ་ཀྱིན་མི་འདུག སྤྱིར་བཏང་དེ་ཚོའི་ཐད་ལ་ང་ལས་ཀྱང་ཁྱོད་རང་རྒྱུས་ཆེ་བ་ཡོད་འགྲོ།”
ཁོས་ལག་གཡོན་པས་འགྲམ་པ་སྐྱོར་བཞིན “ལགས་ལགས་སོ། ངའི་འགྲམ་པ་འདི་ན་གིན་འདུག ཨ་རོ་རོ་རོ་་། ང་ནང་ལ་སླེབས་ན། ནང་མིས་ག་རེ་རེད་སོང་ལབ་ཀྱི་རེད། སྔོན་མ་ཞིག་ངས་རིལ་སོང་ཞེས་ནང་མིར་བཤད་ཡིན་པས། ཁོང་ཚོས་ཡིད་མ་ཆེས་པའི་ཟོལ་འདྲ་བྱེད་ཀྱིན་འདུག ཨ་རོ་རོ་རོ་་་” ཏོག་ཙམ་རྗེས་སུ། ཁང་བ་སྦུག་མ་དེ་ནས་སྒམ་ཞིག་གི་ཁྲོག་སྒྲ་ཡིན་ནམ་སྙམ་པ་ཞིག་གྲགས་སོང་། སྐར་མ་ཁ་ཤས་ཤིག་གི་རྗེས་སུ་ཁོ་མོ་ཕྱིར་སླེབས་སོང་། ཁོ་མོར་མཚོན་ན། ཉམ་ཐག་པའི་ཚོར་བ་ཞིག་གདོང་བའི་ཤ་གསེང་རུས་གསེང་ན་ཡོད་པ་དཔོག་ཐུབ་ཀྱི་འདུག་ཀྱང་། ད་དུང་འཛུམ་ཁ་ཞིག་བཙན་གྱིས་བསུས་ནས།
“ཡཡཡ། ད་སྐྱོན་མ་རེད། འདི་ཁྱེར་སོང་། ད་གཏོང་དགོས་ས་ལ་ཐོངས། གོ་ཆོད་པ་གྱིས་ཤོག ངས་ཁྱོད་ཚོ་ལ་རེ་བ་ཆེན་པོ་བཅོལ་ཡོད་ད། ད་རེས་སྔོན་མ་དང་མི་འདྲ་བ། ངའི་སྐོར་ནས་འགྲེལ་བཤད་རྒྱག་སྐབས། དེང་སང་བོད་པའི་སྤྱི་ཚོགས་ནང་། སྐྱེས་དམན་ཞིག་ལ་ཤེས་འཇོན་གཉིས་ལྡན་ཞིག་དགོས་ན། ང་ལས་ལྷག་པ་ཞིག་ཡོད་མ་རེད་ལོབ། དེ་འདྲ་བའི་འཇོན་ཐང་ཅན་ཞིག་བཀའ་ཁྲི་དང་བཀའ་བློན་གང་རུང་ནང་མ་སླེབས་ན། བོད་པའི་སྤྱི་ཚོགས་ནང་ཕོ་མོ་འདྲ་མཉམ་མེད་པའི་རྟགས་རེད་ལོབ། དེ་ག་ནང་བཞིན། ང་ཚོའི་ཇོ་ཇོ་ལགས་ཀྱང་དགོངས་པ་ཞུ་སྲིད་ཀྱི་རེད་ལོབ སྔོན་མའི་ཁྱབ་བསྒྲགས་ཡིག་ཆ་དེ་རྣམས་རྫོགས་སོང་ན། ང་ཚོའི་ལས་ཁུངས་ནང་ནས་བླངས། ད་རེས་ལྷོ་ཕྱོགས་ལ་གནམ་གྲུའི་ནང་སོང་། དངུལ་ལ་སེམས་འཁྲལ་མ་བྱེད། དངུལ་གྱི་བཟོ་གྲྭ་ཡོད་དྲན་སྡོད། ཡཡ། ད་ང་ཏོག་ཙམ་ཉལ་གྱི་ཡིན། བྲང་ཁ་ན་གི་འདུག”
སྐད་ཆ་མཐའ་མ་དེ་གོ་མ་ཐག་ང་རང་བྲོས་སོང་བ་ཡིན། གྲོགས་པོ། སྐུ་མཁྱེན་ཁྱེད་ཀྱིས་གནས་ཚུལ་འདི་ཀློག་ཚར་རྗེས། ངས་བཤད་སོང་མ་ལབ་ལོ། རེད་རེད། ད་སྐྱོན་གས་མི་འདུག ངས་གནས་ལུགས་ཡོད་པ་ཞིག་བཤད་ཀྱིན་པ་ལས། ཁོ་ཚོའི་ལད་ཟློས་ལས་ནི་བརྒལ་མེད།