གློག་མེད་པ་དང་སྟབས་བསྟུན་རྐུན་ཇག་ཇེ་མང་།
སྤྱིར་བཏང་བལ་ཡུལ་རྒྱལ་ནང་དུ་གློག་གི་མཐུན་རྐྱེན་ཞན་པོ་ཡོད་པ་དང་ལྷག་པར་ལོ་རེའི་དགུན་དུས་སུ་ཉིན་རེར་གློག་ཡོད་པ་ལས་མེད་པའི་དུས་ཡུན་རིང་བ་ཡོང་གི་ཡོད། ད་ལོའི་དགུན་དུས་ཀྱི་ཉིན་འདི་ཚོར་ཉིན་རེར་རྒྱལ་ས་ཀ་ཐཱ་མན་གྲུུ་གྲོང་ཁྱེར་ལ་ཆ་སྙོམ་ཆུ་ཚོད་༡༡ ལ་གློག་མེད་པས་སྤྱི་ཚོགས་ནང་མངོན་གསལ་དོད་པོས་རྐུན་ཇག་གི་གྱོད་དོན་ཡང་ཇེ་མང་ལ་སོང་ཡོད། རྒྱལ་སའི་ཉེན་རྟོག་ལས་ཁུངས་ཚན་པས་ཟླ་འདིའི་ཕྱི་ཚེས་༤ བར་གྱི་ཉིན་གྲངས་ཉི་ཤུ་ལྷག་གི་རིང་རྐུན་ཇག་འཕྲོག་གསུམ་དང་། བཙན་གཡེམ་ཁྲིམས་འགལ་གྱི་གྱོད་དོན་རིགས་འདྲ་མིན་༦༢ བྱུང་ཡོད་པའི་ཁྲོད་རྐུན་ཇག་འཕྲོག་གསུམ་གྱི་གྱོད་དོན་གྲངས་ ༣༥ དང་། བཙན་གཡེམ་ཁྲིམས་འགལ་གྱི་གྱོད་དོན་གྲངས་ ༢༤ བཅས་བསྡོམས་པས་གྱོད་དོན་མང་ཆེ་བ་ཉིན་རེའི་དགོང་དྲོའི་ཆུ་ཚོད་ ༦ པ་ནས་སྔ་དྲོའི་ཆུ་ཚོད་ ༦ པ་བར་གྱི་གློག་མེད་པའི་སྐབས་ལ་གོ་སྐབས་བཟུང་ནས་བྱ་སྤྱོད་སྤེལ་བ་ཡིན་པར་ཚོད་དཔག་ར་སྤྲོད་བྱུང་ཡོད། གནས་སྟངས་དེའི་རྐྱེན་པས་ཉིན་འདི་དག་ལ་རྒྱལ་སའི་ནང་ཁུལ་ནས་འཕྲོག་བཅོམ་བྱས་པ་གཙོས་གྱོད་དོན་རིགས་མི་ཉུང་བ་བསྟུན་མར་བྱུང་སའི་གཞུང་ལམ་ཁག་བརྒྱད་ཙམ་ཀྱི་ས་གནས་མི་མང་ཚོས་ས་གནས་ཉེན་རྟོག་ལས་ཁུངས་ལ་ཞུ་གཏུགས་དང་བསམ་མཆར་བཏོན་ཡོད་ལ། གོང་གི་གྱོད་དོན་དེ་དག་ཉེན་རྟོག་ཚན་པས་ཤེས་རྟོགས་བྱུང་བའི་གྲངས་འབོར་ཡིན་པ་ལས་ད་དུང་ཤེས་རྟོགས་མ་བྱུང་བ་དང་ཞེད་སྣང་གིས་ས་གནས་ཉེན་རྟོག་ལས་ཁུངས་ལ་ཡར་ཞུ་མ་བྱས་པའི་གྱོད་དོན་མང་པོ་ཡོད་པར་ངོས་འཛིན་བྱེད་བཞིན་པ་རེད།
གནས་ཚུལ་དེའི་ཐད་ཉེན་རྟོག་པའི་འགོ་ཁྲིད་སྐུ་ཞབས་ Madhav Prasad ནས་བརྗོད་དོན། རྒྱལ་ནང་དུ་ཉིན་རེར་གློག་མེད་པའི་དུས་ཡུན་ཇེ་རིང་ལ་སོང་བ་དང་བསྟུན་སྤྱི་ཚོགས་ནང་རྐུན་ཇག་གི་གྱོད་དོན་ཇེ་མང་ལ་འགྲོ་བཞིན་པ་ང་ཚོའི་ངོས་ནས་ཤེས་རྟོགས་བྱུང་ཡོད་ལ། གནས་སྟངས་དེར་བསྟུན་ས་གནས་ཁག་ལ་ཉེན་རྟོག་པ་བགོ་འགྲེམས་དང་སྐོར་གཡེང་བྱེད་བ་སོགས་ལས་དོན་ཁག་ཇེ་དམ་ལ་བཏང་ཡོད། འོན་ཀྱང་གློག་མེད་དུས་མཚམས་རེར་ང་ཚོའི་ངོས་ནས་ལས་དོན་བྱེད་ཕྱོགས་ལ་དཀའ་ངལ་འཕྲད་བཞིན་ཡོད། ང་ཚོའི་ངོས་ནས་གྱོད་གཞི་བཟོ་མཁན་ཚོས་གློག་མེད་པའི་གོ་སྐབས་འཛིན་བཞིན་པ་མི་མང་ལ་གསལ་བཤད་བྱས་ཐོག་ཚང་མ་མཉམ་རུབ་བྱས་ནས་དཀའ་ངལ་དེ་ལ་གདོང་ལེན་བྱེད་དགོས་ཚུལ་བཤད་ཡོད་པ་རེད།
བལ་ཡུལ་རྒྱལ་ཁབ་གྱི་གློག་འདོན་ལས་ཁུངས་ནས་བཤད་པ་ལྟར་ན་ད་དུང་རིམ་པས་རྒྱལ་ནང་དུ་གློག་མེད་པའི་དུས་ཡུན་ཇེ་རིང་ལ་འགྲོ་རྒྱུ་ཡིན་པ་དང་། རྒྱལ་ནང་གི་གློག་གི་དཀའ་ངལ་སེལ་རྒྱུར་ད་དུང་མི་ལོ་ལྔ་ནས་བཅུ་བར་འགོར་གྱི་ཡོད་ཚུལ་བརྗོད་བཞིན་པ་རེད།།
བལ་ཡུལ་ས་གནས་གསར་འགོད་པས།