སྤྲིན་པའི་རྒྱབ་ཀྱི་ཉི་མ་དང་ངའི་མིག་ཆུ།

བོད་དོན་རྒྱབ་སྐྱོར་བ་ཚོས་བཀག་འགོག་གི་ལས་འགུལ་སྤེལ་ནས། ཕྱི་རྒྱལ་དུ་ཡོད་པའི་རྒྱ་རིགས་དང་བོད་མི་བོད་དོན་རྒྱབ་སྐྱོར་བ་ཚོའི་དབར། གདོང་ཐུག་བྱུང་ཚུལ་དང་རྒྱ་རིགས་དེ་དག་གིས་༧གོང་ས་མཆོག་ལ་ངོ་རྒོལ་བྱས་ཚུལ། འཛམ་གླིང་ནང་ཞི་བདེའི་གཟེངས་རྟགས་བཞེས་མྱོང་མཁན་ཏྲུའུ་ཏྲུ་མཆོག་གི་བོད་དོན་སྐོར་གྱི་གསུང་བཤད། བོད་ནང་གི་རྩོམ་པ་པོ་ཚེ་རིང་འོད་ཟེར་དང་རྒྱ་རིགས་རྩོམ་པ་པོ་ཝ་ལིང་ཞོང་གཉིས་ཀྱི་དབུ་མའི་ལམ་གྱི་དགོངས་དོན་ལ། རྒྱ་ནག་གི་དཔོན་རིགས་ཚོས་ཐེ་ཚོམ་ཇི་ལྟར་ཟ་བཞིན་ཡོད་པ་དང། རྒྱ་ནག་གི་དཔོན་རིགས་ཚོར་ཆབ་སྲིད་ཀྱི་ཆོད་སེམས་བརྟན་པོ་མེད་པའི་འགྲེལ་བརྗོད། བོད་རིག་ལོ་རྒྱུས་རིག་པ་བ་ཚེ་རིང་ཤཱཀྱ་དང་འཇམ་དབྱངས་ནོར་བུ་སོགས་ཀྱི་བསམ་ཚུལ་བཅས་གོ་རིམ་བསྒྲིགས་འདུག དབུ་མའི་ལམ་དང་རང་བཙན་འཐབ་རྩོད་གཉིས་ཀའི་ཕྱོགས་སུ་མ་ལྷུང་བའི་ཐོག་ནས། བོད་དོན་འཐབ་རྩོད་ཀྱི་བརྒྱུད་རིམ་ཡག་པོ་ཞིག་བསྒྲིགས་འདུག ལྟད་མོ་དེའི་བརྒྱུད་རིམ་ནས་རང་དབང་མེད་པ་མིག་ཆུ་ཤོར་གྱི་འདུག ལྟད་མོ་གྲོལ་པ་དང་ཚོགས་ཁང་ཕྱི་ལོག་ཏུ་ལྟད་མོ་བ་ཚོས། དངོས་པོ་གང་ཞིག་བོར་བརླགས་ཤོར་བ་ལྟར་མིག་ཅེར་གེ་བསྡད་ཀྱི་འདུག་ལ། མིག་མཐར་ཡོངས་རྫོགས་དམར་པོ་ཆགས་ནས་ཧ་ལམ་མིག་ནང་སི་པན་ཚ་པོ་ཞིག་ཤོར་བ་མིན་འགྲོ་བསམ་པ་འདུག ངའི་བསམ་པ་དམིགས་སུ་བཀར་ནས་ལྟད་མོ་འདི་ན་གཞོན་ཚོར་ཆེད་དུ་ལྟ་བཅུག་ན་ཡག་པོ་འདུག དེ་བཞིན་ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་ཕྲུག་ཚོས་དོ་སྣང་བྱེད་ཐུབ་ན། བོད་དོན་འཐབ་རྩོད་བྱེད་པར་ངེས་པར་དུ་དྷ་སར་ཡོང་དགོས་ཀྱི་མི་འདུག་ལགས། རང་ཉིད་ཀྱི་ཁོར་ཡུག་ཏུ་བོད་མི་མང་པོ་དགོས་པ་ཞིག་ཀྱང་རེད་མི་འདུག ལྟད་མོ་འདིའི་བརྒྱུད་རིམ་ནང་ལས་འགུལ་སྤེལ་སྟངས་དང་བོད་དོན་འགྲེལ་བརྗོད་བྱེད་སྟངས། ཡང་སྒོས་བོད་ནང་གི་བོད་མི་ཚོས་༢༠༠༨ ལོར་ངོ་རྒོལ་གྱི་ལས་འགུལ་ཇི་ལྟར་སྤེལ་ཡོད་མེད་གསལ་པོ་འདུག སྤུས་ཀ་བཟང་བའི་འོད་སྡེར་ཡང་དབུས་གཞོན་ནུས་ཧིན་སྒོར་༡༥༠ ཙམ་བྱས་ནས་འགྲེམས་སྤེལ་བྱེད་ཀྱི་འདུག་པས། དེང་སང་གི་ཁྲོམ་གཞུང་ནང་གི་འོད་སྡེར་དཔེ་བཤུས་བྱས་པ་ལས་རིན་གོང་ཆུང་བ་འདུག རྣམ་པ་ཚོས་སྤྲིན་པའི་རྒྱབ་ཀྱི་ཉི་མ་ཞེས་པའི་གློག་བརྙན་འདི་ཐེངས་ཅིག་ལྟོས་དང་མིག་ཆུ་མ་ཤོར་ན་ངས་ག་རེ་དགོས་ན་སྤྲོད་ཆོག