བཀའ་ཁྲིའི་འོས་མི་གསུམ་གྱིས་སྡེ་ཚན་ཁག་གི་དྲི་བར་ལན་འདེབས།
གོ་སྒྲིག་པའི་ངོས་ནས་ཚོགས་པ་ཁག་གི་ནང་ནས་དྲི་བ་གཏོང་མཁན་ཆེད་དུ་གོ་སྒྲིག་བྱས་ཡོད་པ་དང། ཚོགས་ཞུགས་པ་ཡང་ཆེད་དུ་འགྲོན་འབོད་བྱས་པ་ཡོད་པ་ལས་མི་མང་ཡོངས་མཉམ་ཞུགས་ཀྱི་གོ་སྐབས་མེད་པ་རེད། སྐབས་དེར་བོད་གཞུང་གི་བོད་རྒྱ་འབྲེལ་མོལ་གྱི་སྲིད་ཇུས་དང་། ཤེས་ཡོན་སྲིད་ཇུས་དང། འཕྲོད་བསྟེན་སྲིད་ཇུས་སོགས་ཀྱི་སྐོར་དང་། དེ་བཞིན་ཕོ་མོ་འདྲ་མཉམ་དང་མི་མང་མཐུན་སྒྲིལ་སོགས་ཀྱི་སྐོར་ལ་བཀའ་འདྲི་ཞུས་པས་འོས་མི་སོ་སོས་བཀའ་ལན་གནང་ཡོད་པ་རེད།
དྲི་བ། ༧གོང་ས་མཆོག་གིས་གཙོས་པའི་བཙན་བྱོལ་བོད་མི་རྣམས་ཀྱིས་དོན་གྱི་བདག་པོ་དེ་བོད་ནང་གི་བོད་མི་ཡིན་པ་གསུང་གི་ཡོད་པ་བཞིན། དེ་ཚོའི་མངོན་འདོད་སྒྲུབ་རྒྱུ་དེ་ལས་འགན་གཙོ་བོ་རེད། དེར་བརྟེན་རྣམ་པ་ཚོས་བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་ཆབ་སྲིད་ཀྱི་མངོན་འདོད་ཐད་ངོས་འཛིན་ག་རེ་གནང་གི་ཡོད།
ལན། བློ་བཟང་སེང་གེས། སྤྱི་ཡོངས་ཀྱི་ཆ་ནས་བོད་ཕྱི་ནང་གཉིས་ཀ་གཅིག་པ་རེད། ལོ་རྒྱུས་ཀྱི་ཐོག་ནས་བོད་དེ་རང་བཙན་ཡིན་པ། དེ་བཞིན་རྒྱ་ནག་གིས་ཧམ་བཤད་བྱས་ནས་རྒྱལ་སྤྱིའི་ཁྲིམས་དང་འགལ་བའི་ཐོག་ནས་བོད་ཟས་བཞག་པ། ད་སྐབས་ཀྱང་ཆབ་སྲིད་ཀྱི་ཐོག་ནས་དམ་དྲག་གི་གདུག་རྩུབ་ཡོད་པ། དཔལ་འབྱོར་གྱི་ཐོག་ནས་དབྱེ་འབྱེད་བྱེད་ཀྱི་ཡོད་པ། རིག་གཞུང་རྩ་མེད་གཏོང་བ་སོགས་ཀྱི་ཐོག་ལ་གདོང་ལེན་བྱེད་པའི་རྣམ་པར་ཕྱི་ལོ་༢༠༠༨ ལོར་བོད་མི་ཆོལ་ཁ་གསུམ་གཅིག་ཏུ་སྒྲིལ་བའི་ཐོག་ནས། བོད་ནང་དུ་མི་སེར་སྤེལ་བའི་ལམ་ལུགས་དེ་ལ་འདོད་པ་མེད་པ་ཁ་གསལ་པོ་བསྟན་པ་རེད། ཕྱི་ནང་གང་ཡིན་རུང་རང་བཙན་མི་འདོད་མཁན་སུ་གང་ཡོད་མ་རེད་བསམ་གྱི་འདུག བོད་པ་ཡིན་པ་ཚང་མ་གཅིག་པ་གཅིག་རྐྱང་རེད། ཡིན་ནའང་བོད་ནང་དུ་༢༠༠༨ ལ་སྐད་འབོད་སྐབས་༧གོང་ས་མཆོག་སྐུ་ཚེ་ཁྲི་ཕྲག་བརྟན་པར་ཤོག་ཅེས་པ་ཆོལ་ཁ་གསུམ་སྤྱི་ཡོངས་ལ་ཡོངས་གྲགས་ཡིན་དུས། ༧གོང་ས་མཆོག་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་ལ་ངོས་འཛིན་བྱེད་ཀྱི་གསལ་པོ་ཞེ་དྲག་རེད། དེར་བརྟེན་བོད་ནང་གི་གཞིས་ལུས་མི་མང་རྣམས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་ཕེབས་ཀྱི་རེད་ཅེས་ཞུ་ཐུབ་ཀྱི་འདུག
ལན། བཀྲ་ཤིས་དབང་འདུས་ཀྱིས། བོད་ནང་གི་རྒྱ་ཆེའི་མང་ཚོགས་ཀྱི་མངོན་འདོད་དེ། རྩ་བའི་༧གོང་ས་མཆོག་གི་དགོངས་གཞི་དང་སྲིད་བྱུས་གཏན་འབེབས་བྱས་པ་མིང་དོན་མཚུངས་པའི་བོད་རིགས་ཡོངས་ཀྱི་རང་སྐྱོང་ཞེས་པ་དེ་ལ། མང་ཚོགས་ཀྱིས་བསམ་ཤོག་བསྡུས་པ་དང། བརྟག་དཔྱད་གནང་བའི་སྐབས་ལ་བོད་ནང་གི་ཆབ་སྲིད་ལ་དོ་སྣང་ཡོད་མཁན་དང། ལས་ཀའི་འགན་ཡོད་མཁན་རྣམས་ཀྱི་བསམ་ཚུལ་གང་ཐུབ་བསྡུས་ཡོད་པ་རེད། དེ་ཕྱོགས་བསྡོམས་བྱས་པའི་སྐབས་སུ་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་རྣམ་པ་གསལ་པོ་རེད་འདུག ༧གོང་ས་མཆོག་གི་སི་ཊ་སི་སྦག་གི་གསུང་བཤད་གནང་བའི་སྐབས་སུ་ངས་ཤེས་ཚོད་བྱས་པ་ཡིན་ན། ༧པཎ་ཆེན་སྐུ་གོང་མས་རྒྱབ་སྐྱོར་གཙང་མ་ཡོད་པ་གསལ་པོ་ཞེ་དྲག་རེད། དེ་བཞིན་བོད་ནང་དུ་མི་སྣ་གལ་ཆེན་ཞལ་བཞུགས་པ་ལ་ཆ་བཞག་ན། འབའ་པ་ཕུན་ཚོགས་དབང་རྒྱལ་ལགས། ཡངས་གླིང་རྡོ་རྗེས་གཙོས་པས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་འདུག དེ་བཞིན་དེང་སང་བོད་ནང་གི་བསམ་ཚུལ་བཤད་མཁན་འོད་ཟེར་ལ་མཚོན་ན་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་པའི་བཟོ་འདྲ་ཞིག་འདུག སྤྱིར་བཏང་ཕྱི་རྒྱལ་ཁག་ཏུ་བསམ་ཚུལ་འདྲ་མིན་བཤད་མཁན་ཡོད་རེད་དེ། མང་ཆེ་བས་དབུ་མའི་ལམ་ལ་རྒྱབ་སྐྱོར་བྱེད་ཀྱི་མེད་འགྲོ་བསམ་གྱི་འདུག
ལན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། བོད་ཕྱི་ནང་གཉིས་ཀྱི་མི་མང་གི་འདོད་པ་དེ་བོད་དེ་རང་དབང་ལྡན་པའི་ལུང་པ་ཞིག་དང། བོད་པའི་སྤྱི་ཚོགས་དེ་དེང་དུས་ཀྱི་འཛམ་གླིང་སྤྱི་དང་འདྲ་མཉམ་དུ་འགྲོ་ཐུབ་པའི་སྤྱི་ཚོགས་ཤིག་ལ་འདོད་པ་ཆེན་པོ་ཡོད་རེད། དེའི་ཐོག་ལ་བོད་ཀྱི་ཆོས་དང་རིག་གཞུང་དེ་དམིགས་བསལ་རྩ་ཆེན་པོ་བརྩི་ཡོད་པའི་རེ་འདུན་དེ་ཡོད་རེད་བསམ་གྱི་འདུག དེར་བརྟེན་ང་ཚོས་རྩ་དོན་གྱི་ཐོག་ཏུ་བདེན་མཐའ་གསལ་བའི་ཆེད་ལས་འགུལ་ག་འདྲ་སྤེལ་བ་ཡིན་ནའང། བོད་ལ་རང་དབང་ཆེན་པོ་དང་ཡར་རྒྱས་གོང་འཕེལ་ཡོང་བའི་སྤྱི་ཚོགས་ཤིག་དགོས་ཀྱི་ཡོད་པ་དེ་འདོད་པ་རེད་བསམ་གྱི་འདུག དེ་དང་ཆབས་ཅིག་ང་ཚོའི་སྤྱི་ཚོགས་ནང་དུ་རང་བཙན་དགོས་ཀྱི་ཡོད་པ་རེད་དམ་མ་རེད་ཟེར་བ་སོགས་ལ་བགྲོ་གླེང་དང་བསམ་ཚུལ་ཤུགས་ཆེན་ཡོང་གི་ཡོད་པ་རེད། སྤྱིར་རང་བཙན་དང་རང་སྐྱོང་ཟེར་བའི་ཚིག་དེ་ཚོ་ནུབ་ཕྱོགས་པའི་ཆབ་སྲིད་ཀྱི་ལྟ་བའི་ཐོག་ནས་བསྒྱུར་བའི་ཡིག་ཆ་ཞིག་རེད་འདུག ཚིག་དེ་ཚོའི་ཐོག་ལ་ང་ཚོས་རྩོད་པ་རིང་པོ་བརྒྱབ་ཀྱང་ཕན་ཐོགས་མེད་པ་ཞིག་རེད་འདུག གང་ལྟར་བོད་ལུང་པ་ཡག་པོ་ཡོང་བ་དང། བོད་མི་ཚོ་འཛམ་བུ་གླིང་སྤྱི་ལ་ཡོད་པའི་ཐོབ་ཐང་དང་རང་དབང་དེ་ཚོ་དགོས་པའི་རྩ་དོན་གྱི་ཆེད་དུ་ལས་ཀ་བྱེད་ཀྱི་ཡིན་ན། བོད་ནས་རེ་བ་དེ་འདོན་དགོས་པ་རེད་བསམ་གྱི་འདུག བོད་ནང་གི་འདོད་པ་དེ་ལ་བརྩི་བཀུར་ཞུ་བའི་འདོད་པ་ཡོད། ༧རྒྱལ་བ་རིན་པོ་ཆེས་སྔ་བར་གསུམ་དུ་མཐའ་མའི་དོན་གྱི་བདག་པོ་དེ་བོད་ནང་གི་རྒྱ་ཆེའི་མི་མང་རེད་ཅེས་བཀའ་གནང་གི་ཡོད་པ་རེད། དེ་འདྲ་ཡིན་དུས་བོད་མི་མང་གི་རེ་བ་ག་རེ་ཡོད་པ་དེ་རྩ་ཆེན་པོ་བརྩི་དགོས་པ་རེད་བསམ་གྱི་འདུག དངོས་སུ་འབད་བརྩོན་བྱེད་པའི་སྐབས་ལ་བོད་གཞུང་གིས་སྲིད་བྱུས་ག་འདྲ་བཟུང་མ་བཟུང་ཞེས་པ་ལས་ཀ་བྱེད་ཕྱོགས་ཀྱི་གནས་ཚུལ་ཞིག་རེད་བསམ་གྱི་འདུག སྤྱིར་བཏང་བོད་ནང་ལ་རང་དབང་ཡོང་བ་དང་རྒྱལ་སྤྱིའི་ཐོག་འདྲ་མཉམ་དུ་འགྲོ་ཐུབ་པའི་བསམ་ཚུལ་བོད་ཕྱི་ནང་གཉིས་ཀ་ལ་ཡོད་རེད་བསམ་གྱི་འདུག
དྲི་བ། སྤྱི་ཚོགས་ཁྲོད་དུ་ཤེས་ཡོན་སྲིད་བྱུས་ལག་བསྟར་བྱས་ན་རིག་གཞུང་རྒྱུན་འཛིན་ཐད་ཕན་ཐོགས་ཡོད་མེད་ཀྱི་སྐད་ཆ་མང་པོ་ཡོད་སྟབས། འོས་མི་རྣམ་པ་ཚོར་ཤེས་ཡོན་སྲིད་བྱུས་གསར་པའི་ཐད་དགོངས་ཚུལ་ག་རེ་ཡོད་དམ།
ལན། བཀྲས་མཐོང་བསྟན་འཛིན་རྣམ་རྒྱལ་གྱིས། ཤེས་རིག་གི་སྲིད་བྱུས་གསར་པའི་སྐོར་ལ་ས་གནས་མང་པོར་བགྲོ་གླེང་ཡོང་གི་འདུག དྲི་བ་མང་པོ་འདུག རྩ་བའི་སྲིད་བྱུས་དེ་གཏན་འབེབས་གནང་ནས་ཕུགས་རྒྱང་རིང་པོའི་ཐོག་བོད་ཀྱི་སྐད་ཡིག་དེ་རིན་ཐང་ཆེན་པོ་ཞིག་གི་ཐོག ན་གཞོན་ཚོར་སློབ་སྦྱོང་སྤྲོད་རྒྱུའི་དགོངས་པ་བཞེས་ནས་གཏན་འབེབས་གནང་བ་ཞིག་རེད་འདུག སྲིད་བྱུས་གསར་པ་ག་འདྲ་ཞིག་བོད་གཞུང་གིས་གཏན་འབེབས་གནང་བ་ཡིན་རུང་བཀའ་ཁྲི་གསར་པས་དེ་ལ་མུ་མཐུད་ནས་ལག་བསྟར་བྱེད་པའི་ཐུགས་འགན་ཆེན་པོ་ཞིག་ཡོད་རེད་བསམ་གྱི་འདུག འོན་ཀྱང་སྲིད་བྱུས་གསར་པ་ག་འདྲ་ཞིག་ལག་ལེན་བསྟར་བ་ཡིན་རུང་དངོས་སུ་སྤྱི་ཚོགས་ནང་དུ་འགྲུབ་མ་འགྲུབ་དང། ཕན་ཐོགས་ག་ཚད་ཡོད་མེད་དེ་དངོས་སུ་ལག་ལེན་བསྟར་བའི་སྒང་ལ་ཆགས་ཀྱི་རེད་བསམ་གྱི་འདུག དེ་འདྲ་ཡིན་སྟབས་ད་ལྟ་བར་དུ་བཙན་བྱོལ་ནང་ལ་ཤེས་རིག་གི་སྲིད་བྱུས་ཐོག་ལ་འཛིན་གྲྭ་དྲུག་པ་ནས་བཅུ་གཉིས་བར་དུ་གཙོ་བོ་དབྱིན་ཇི་བྱས་ནས་རྒྱ་གར་གྱི་གཞི་རིམ་སློབ་གྲྭ་ཐོན་པའི་སྲིད་བྱུས་དེ་རེད། སྲིད་བྱུས་གསར་པའི་སྒང་ལ་ནུས་པ་ཐོན་པ་ཞིག་ཆ་ཚང་ལག་ལེན་བསྟར་བ་ཡིན་ན། བོད་ཡིག་གཙོ་བྱས་ནས་སློབ་གྲྭ་ཐོན་དགོས་ཀྱི་ཡོད་པ་རེད། དེ་འདྲ་བྱུང་བ་ཡིན་ན་བོད་ཡིག་གི་གནས་ཚད་ཡང་དག་པ་ཞིག་ཡོང་གི་ཡོད་པ་གསལ་པོ་རེད་དེ། དེ་ཐོན་དུས་རྒྱ་གར་གྱི་མཐོ་རིམ་སློབ་གྲྭ་དང། དབྱིན་ཇི་སྐད་ཡིག་གི་མཐོ་རིམ་སློབ་གྲྭ་དེ་ཚོའི་ནང་དུ་ལམ་སང་ཚད་ལྡན་བྱས་ནས་འགྲོ་ཐུབ་ཀྱི་ཡོད་མེད་ཀྱི་དྲི་བ་དེ་སླེབས་ཀྱི་ཡོད་རེད་བསམ་གྱི་འདུག ང་ཚོས་སོ་སོའི་ལུང་པ་བྲལ་ནས་བཙན་བྱོལ་ལ་ཡོད་པའི་སྐབས་འདིར་སོ་སོའི་སྐད་ཡིག་དེ་སྲུང་སྐྱོབ་བྱེད་ཐུབ་པ། དེ་བཞིན་ཕྱིའི་སྐད་ཡིག་དེ་ས་གནས་ས་ཐོག་སློབ་གྲྭའི་ནང་ལ་འགྲོ་དགོས་ཀྱི་ཡོད་ན་འདྲ། མཐོ་རིམ་སློབ་གྲྭའི་ནང་ལ་འགྲོ་དགོས་ཀྱི་ཡོད་ན་འདྲ། ལས་དོན་ནང་ལ་འགྲོ་ཐུབ་པ་ཞིག་དགོས་ཀྱི་ཡོད་རེད་བསམ་གྱི་འདུག ད་ལྟ་བར་དུ་སློབ་གྲྭ་ཁག་དང་ལྷག་པར་དུ་བོད་ཁྱིམ་སློབ་གྲྭའི་ནང་དུ་འཛིན་གྲྭ་ལྔ་པ་བར་དུ་བོད་ཡིག་གཙོ་བོ་བྱས། དེ་ནས་དབྱིན་ཇིའི་ནང་ལ་འགྲོ་ཡི་ཡོད་པ་རེད། ཡང་ལྗིད་ཕྱེད་ཀ་ཡིན་པའི་ཁུལ་རེད། འོན་ཀྱང་གནད་དོན་ཁ་ཤས་ཀྱི་ཐོག་ལ་བོད་ཡིག་གི་ཐོག་ལ་དཀའ་ངལ་ཡོད་པའི་གནས་ཚུལ་མང་པོ་ཡོང་གི་ཡོད་པ་རེད། དེའི་ཐོག་ལ་ལམ་སང་བཟོ་བཅོས་རྒྱག་རྒྱུ་ཡོད་རེད་ཅེས་ཞུ་རྒྱུ་ཡོད་མ་རེད་དེ། ཞིབ་ཚགས་པོའི་ཐོག་ནས་བོད་གཞུང་གི་ཤེས་རིག་ལས་ཁུངས་དང། དེ་བཞིན་ཤེས་རིག་གི་ཐོག་ཕྱག་ལས་གནང་མཁན་སྒྲིག་འཛུགས་མང་པོ་ཡོད་རེད། དེ་ཚོས་ལོ་ནས་ལོ་བྱས་ནས་ཞིབ་འཇུག་གནང་རྒྱུ་དེ་ལས་འགན་ཞིག་རེད་བསམ་གྱི་འདུག
ལན། བློ་བཟང་སེང་གེས། བོད་གཞུང་གིས་༢༠༠༤ ནས་ཤེས་ཡོན་སྲིད་བྱུས་གཏན་འབེབས་བྱས་ནས་ལོ་༧ ཙམ་འགྲོ་ཡི་ཡོད་པ་རེད། དཔེ་སྟོན་སློབ་གྲྭར་ཕྲུ་གུ་འཛུལ་ཞུགས་བྱེད་སྟངས་ལ་བལྟས་པ་ཡིན་ན། ཚགས་ཚུད་པོ་དང་མི་མང་གིས་དོ་སྣང་བྱས་ནས་ཡག་པོ་ཞིག་འགྲོ་ཡི་ཡོད་པའི་རྣམ་པ་ཞིག་ཐོན་གྱི་འདུག དེ་བཞིན་ཕ་མ་ཚོ་ལ་སྐད་ཆ་བཤད་སྐབས་ཕྲུ་གུ་ཚོའི་ཡ་རབས་སྤྱོད་བཟང་དང་བཀའ་མོལ་གནང་སྟངས་སོགས་ལ་ཡར་རྒྱས་ཡོང་གི་ཡོད་པའི་བཀའ་མོལ་ཞིག་ཡོང་གི་འདུག དེ་བཞིན་སཾ་བྷོ་ཊ་སློབ་གྲྭ་ཁག་ལ་ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་བ་རེད། བཙན་བྱོལ་གྱི་གནས་སྟངས་ལ་བལྟས་ན་འགྲུབ་ཀྱི་རེད་མ་རེད་ཟེར་བ་དེ་ལ། ཕྱོགས་གཅིག་ནས་འགྲུབ་པའི་བཟོ་འདྲ་ཞིག་ཡོད་པ་རེད། རྒྱ་གར་ནང་དུ་སློབ་སྦྱོང་གི་ཤེས་ཚད་དང་བཙན་བྱོལ་གཞུང་གི་ཤེས་ཡོན་ཐོག་ལ་འབད་བརྩོན་གནང་བའི་བརྒྱ་ཆ་བསྡུར་བ་ཡིན་ན། འཆར་འགོད་ལས་ཁུངས་ཀྱི་ཡིག་ཆ་གཞིར་བཟུང་བྱས་པ་ཡིན་ན་བོད་མི་བཙན་བྱོལ་བའི་གནས་ཚད་བརྒྱ་ཆ་བརྒྱད་ཅུ་ཙམ་ལ་སླེབས་ཡོད་པ་རེད། རྒྱ་གར་ནང་ལ་བརྒྱ་ཆ་དྲུག་ཅུ་རེ་གྲངས་ལས་མེད་པ་རེད། དེ་བརྟེན་རྒྱ་གར་གྱི་གནས་སྟངས་འདིའི་ཐོག་ནས་ཤེས་ཡོན་གྱི་གནས་སྟངས་ཐད་ཚད་མཐོན་པོ་ཞིག་སྒྲུབ་ཐུབ་ཀྱི་ཡོད་པ་གསལ་པོ་ཞེ་དྲག་རེད། འཛིན་གྲྭ་བཅུ་གཉིས་བར་དུ་གཙོ་བོ་བོད་ཡིག་གཙོ་བོ་བྱས་ནས་མཐོ་སློབ་ཏུ་ཕེབས་པ་དང། མཐོ་སློབ་ནས་ཡར་རིགས་གཅིག་རྐང་འཛིན་གྱི་ལག་ཁྱེར་རག་ཐུབ་ཀྱི་རེད་དམ། ཕྱག་ལས་ཡག་པོ་རག་གི་རེད་དམ་ཞེས་པ་དེར་རིམ་པས་གཟིགས་རྒྱུ་རེད་བསམ་གྱི་འདུག དེ་དུས་འགྲུབ་འདུག་ལབ་པ་ཡིན་ན་མུ་མཐུད་དུ་གནས་རྒྱུ་རེད། འགྲུབ་ཀྱི་མི་འདུག་ཅེས་ལབ་པ་ཡིན་ན་བསྐྱར་ཞིབ་བྱས་ནས་ཡར་རྒྱས་གཏོང་དགོས་པ་ག་རེ་འདུག་ལྟ་རྒྱུ་རེད། ཡིན་ནའང་སྤྱི་ཡོངས་ཀྱི་ཐོག་ནས་བཤད་ཐུབ་པ་ལ་ཚན་རིག་དང་ཨང་རྩིས་ཀྱི་ཐོག་ནས་ང་ཚོའི་ཕྲུ་གུ་ཚོ་ཏོག་ཙམ་སྐྱོ་པོ་ཡོད་པ་དེ་གསལ་པོ་ཞེ་དྲག་ཆགས་ཡོང་གི་འདུག ལོ་ཕྲུ་གུ་སུམ་བརྒྱ་ལྷག་ཙམ་མ་གཏོགས་ཚན་རིག་དང་ཨང་རྩིས་ཀྱི་ཐོག་ནས་འཛིན་གྲྭ་བཅུ་གཉིས་ཐོན་མཁན་ད་ལྟ་བར་དུ་བྱུང་མི་འདུག དེ་རང་གི་ཐོག་ལ་ཤེས་ཡོན་སྲིད་བྱུས་ད་ལྟ་ཡོད་བཞིན་པ་དེའི་སྒང་ལ་ནུས་པ་ཆེ་རུ་གཏོང་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་བསམ་གྱི་འདུག ཕྱོགས་གཅིག་ནས་ད་ལྟ་བར་དུ་ལག་ལེན་བསྟར་སྟངས་ལ་བལྟས་པ་ཡིན་ན། ཤེས་ཡོན་སྲིད་བྱུས་ལག་ལེན་བསྟར་ན་བསྟར་ཐུབ་པ་ཞིག་དང། རེ་བ་དེ་ཉི་ཧོང་དང་ཧྥ་རན་སི་ནང་བཞིན་ཞིག དེ་ཡང་ད་ལྟ་ཆ་རྐྱེན་མེད་དུས་འགྲུབ་ཀྱི་ཡོད་མེད་འཛིན་གྲྭ་བཅུ་གཉིས་རྗེས་སུ་ལྟ་རྒྱུ་རེད་བསམ་གྱི་འདུག སློབ་ཕྲུག་ཐོན་ཚར་བ་ཚོ་ག་རེ་ཆགས་མིན་ལ་ལྟ་རྒྱུ་རེད། བསྐྱར་ཞིབ་བྱེད་བཞིན་དུ་འགྲོ་རྒྱུ་རེད་བསམ་གྱི་འདུག
ལན བཀྲ་ཤིས་དབང་འདུས་ཀྱིས། ཤེས་ཡོན་སྲིད་བྱུས་གསར་པ་དེ་གཙོ་བོ་ཕྲུ་གུ་ལ་སློབ་སྦྱོང་སྤྲོད་དུས་བོད་སྐད་གཙོ་བོ་བྱེད་པ་ངས་ངོས་འཛིན་བྱེད་སྟངས་དེ་འདྲ་ཞིག་རེད། སྤྱིར་བཏང་གི་རྒྱ་གར་གྱི་སློབ་དེབ་ནང་བཞིན་བསླབ་དགོས་ཀྱི་ཡོད་པ་རེད། དེ་དང་མཉམ་དུ་སྤྱི་ཚོགས་དང་རིག་གཞུང་ཚན་རིག་སོགས་བོད་པ་དང་འབྲེལ་བ་ཡོད་པ་དེ་འདྲའི་སློབ་དེབ་བཟོས་ནས་སྤེལ་རྒྱུའི་རྒྱབ་ལྗོངས་དེ་རེད་བསམ་གྱི་འདུག བོད་ཡིག་སྒང་ལ་སློབ་པ་དེ་ཤེས་ཡོན་སྲིད་བྱུས་གསར་པ་གཏན་མ་ཁེལ་གོང་ནས་བསླབ་རྒྱུའི་གཏན་ཁེལ་ནས་རྒྱ་གར་གཞུང་ལ་བཀའ་འཁྲོལ་ཞུས་ནས་གང་འཚམ་ཕྱིན་པ་རེད། དེའི་དམིགས་ཡུལ་ག་རེ་རེད་ཟེར་ན། ཕྲུ་གུ་ཆུང་ཆུང་སྐབས་སུ་སོ་སོའི་ནང་བསླབ་ཐུབ་པ་ཡིན་ན། ཕྲུ་གུའི་རྨང་གཞིའི་གཞི་བརྟེན་དེ་ཡག་པོ་ཞིག་ཡོང་གི་རེད། རྨང་གཞི་ཡོད་པ་ཡིིན་སློབ་སྦྱོང་མཐོ་རུ་འགྲོ་དུས་རྨང་གཞི་ཡག་པོ་ཡོད་སྟབས་ཤེས་རྟོགས་ཡག་པོ་ཡོང་གི་རེད་ཅེས་པ་དེ་རེད། གཅིག་ནས་ང་ཚོས་རིག་གཞུང་སྲུང་སྐྱོབ་དང་གཉིས་ནས་སོ་སོའི་སྐད་ཡིག་ཐོབ་བསླབ་ཐུབ་པ་ཡིན་ན། ཕན་ཐོགས་ཡོད་པ་ཞིག་ངོས་འཛིན་བྱེད་ཀྱི་ཡོད། པྲུ་གུ་སློབ་གྲྭ་ཐོན་པའི་རྗེས་སུ་མཐོ་རིམ་སློབ་གྲྭ་འགྲོ་བའི་སྐབས་སུ་སྐད་ཡིག་གཞན་གྱི་སྒང་ལ་འགྲོ་དགོས་དུས་དེ་གཉིས་ལྗིད་མཉམ་པོ་ཞིག་གི་ཐོག་ནས་ད་སྐབས་འཛིན་ལྔ་པ་དྲུག་པ་ལ་སླེབས་ཡོད་པ་རེད། དམིགས་ཡུལ་དེ་འདྲ་ཞིག་བཟུང་ནས་འགྲོ་བའི་སྐབས་སུ་ཤེས་ཡོན་སྲིད་བྱུས་དེའི་འོག་ནས་མཐོ་རིམ་སློབ་གྲྭ་ཐོན་མཁན་ཚོ་ཆགས་བསྡད་ཡོད་དུས། བསྐྱར་ཞིབ་གནང་དགོས་ཀྱི་འདུག གཉིས་ནས་གལ་སྲིད་མུ་མཐུད་ནས་གནང་བ་ཡིན་ན་ལམ་སང་ཁག་པོ་ཞེ་དྲག་རེད། གང་ཡིན་ཟེར་ན། སློབ་དེབ་དེ་དག་བོད་ཡིག་ནང་དུ་བསྒྱུར་ཐུབ་དགོས་ཀྱི་ཡོད་རེད། ལྷག་དོན་དུ་ཚན་རིག་དང་ཨང་རྩིས་དེ་དག་བསླབ་ཐུབ་མཁན་གྱི་དགེ་རྒན་གྱི་ནུས་པས་འདང་དགོས་ཀྱི་ཡོད་པ་རེད། ལམ་སང་སྲིད་བྱུས་དེའི་སྒང་ལ་ཕེབས་ཐུབ་རྒྱུ་ཁག་པོ་རེད་བསམ་གྱི་འདུག འགོ་བཙུགས་ནས་གང་འཚམ་ཕྱིན་པ་རེད། འཛིན་གྲྭ་ལྔ་པ་དྲུག་པར་སླེབས་པ་དེ་དག་མཐོ་རིམ་སློབ་གྲྭར་སླེབས་པའི་སྐབས་སུ་སོ་སོའི་སྐད་ཡིག་ནང་བསླབ་ནས་ཕན་ཐོགས་ག་ཚད་བྱུང་འདུག བསྐྱར་ཞིབ་གནང་རྒྱུ་གལ་ཆེན་པོ་ཆགས་འདུག་བསམ་གྱི་འདུག
དྲི་བ། སྐབས་འདིར་བོད་རྒྱ་འབྲེལ་མོལ་སྐབས་ཀྱི་གྲོས་གཞི་གཙོ་བོ་རྒྱ་ནག་གི་རྩ་ཁྲིམས་འོག་ནས་རྩོད་ཀྱི་ཡོད་པ་རེད། དེའི་ཐོག་བོད་པའི་སྤྱི་ཚོགས་མཐོ་དམན་གཉིས་ཀྱི་ནང་སྐྱོན་བརྗོད་བྱེད་མཁན་དང་རྒྱབ་སྐྱོར་བྱེད་མཁན་གཉིས་ཀ་ཡོད་པ་རེད། རྣམ་པ་ཚོར་དེའི་ཐོག་དགོངས་ཚུལ་གང་ཡོད་དང་ཐབས་ལམ་གཞན་པའི་དགོངས་འཆར་ཡོད་དམ།
ལན། བཀྲ་ཤིས་དབང་འདུས་ཀྱིས། ད་ལྟ་དབུ་མའི་ལམ་གྱི་སྲིད་ཇུས་ཀྱི་ཐོག་ནས་བོད་རྒྱ་ཞི་མོལ་དེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་དགོས་པའིི་ཡིག་ཆ་རྒྱ་ནག་གཞུང་ལ་ཕུལ་ཡོད་པའི་གྲོས་འཆར་དེ་ལྟ་བོད་གཞུང་གི་སྲིད་ཇུས་རེད། ང་རང་ཡིན་ན་དེ་མཇུག་སྐྱོང་བྱས་ནས་བཀའ་མོལ་གནང་སའི་གཞི་རྩ་ཆགས་དགོས་ཀྱི་རེད་བསམ་གྱི་འདུག རྒྱ་ནག་གཞུང་གིས་ཕྱེད་རང་བཙན་ཞེས་སྐྱོན་འཛུགས་བྱས་ཏེ་ངོས་ལེན་བྱས་ཡོད་པ་མ་རེད་མོད། ཡིག་ཆའི་རྩ་དོན་ལ་བལྟས་ནས་ལན་འདེབས་བྱེད་ཐུབ་ཡོད་པ་མ་རེད། རྒྱལ་སྤྱིའི་ཐོག་ནས་ང་ཚོས་སྤྲད་པའི་མིང་དོན་མཚུངས་པའི་རང་སྐྱོང་གི་ཡིག་ཆ་དེ་གཞུང་དང་གྲོས་ཚོགས་ཚང་མས་ཡིག་ཆ་འོས་ཤིང་འཚམས་པ་རེད། བོད་རྒྱ་ཞི་མོལ་གནང་རྒྱུའི་གཞི་རྟེན་ཆགས་ཀྱི་འདུག་ཅེས་རྒྱབ་སྐྱོར་ཤུགས་ཆེན་པོ་ཡོད་པ་རེད། དེའི་ཐོག་འགྱུར་བ་གཏོང་དགོས་པ་མ་རེད་བསམ་གྱི་འདུག མཇུག་སྐྱོང་གནང་རྒྱུ་གལ་ཆེན་པོ་རེད།
ལན། བློ་བཟང་སེང་གེས། རྒྱ་ཆེ་སར་གཟིགས་ནས་རྒྱ་ནག་གཞུང་ལ་མཉམ་དུ་བཀའ་མོལ་གནང་དགོས་ན། རྒྱལ་སྤྱིའི་ནང་གཞི་རྩའི་ཞི་བའི་ཐོག་རྩ་དོན་རྩོད་མཁན་ག་འདྲ་ཞིག་ཡིནའང་། གྷན་དྷི་དང་། ལེལ་སོན་མན་དྷ་ལ། མ་ཊིན་ལུ་ཐར་ཁིང་བཅས་ཀྱིས་ཁ་གཏད་ལ་བཀའ་མོལ་གནང་སྐབས་གཞི་ག་རེ་ལ་བཞག་ཡོད་པ་རེད་ཟེར་ན། ཁྲིམས་གཞིར་བཞག་གིས་བཀའ་མོལ་གནང་བ་རེད། དེ་ལ་དགོས་པ་རྒྱུ་མཚན་ཁ་ཤས་ཡོད་པ་རེད། བོད་དོན་དེ་ལོ་རྒྱུས་གཞི་ལ་བཞག་ནས་རྩོད་རྒྱུ་ཡོད་པ་རེད་མོད། ལོ་རྒྱུས་དེ་མགོ་རྙོག་པོ་ཡིན་པས། ཕར་ས་ཁྲ་ཞིག་བསྟན་ན། ཚུར་ས་ཁྲ་ཞིག་སྟོན་གྱི་རེད། ཕར་ཚེས་གྲངས་ཤིག་བཤད་ན་ཚུར་ཚེས་གྲངས་ཤིག་བཤད་ཀྱི་རེད། བདེན་པ་གཞི་ལ་བཞག་ན་ཕར་བདེན་པ་ཞིག་བཤད་ན་ཚུར་བདེན་པ་ཞིག་བཤད་ཀྱི་རེད། འཇུ་ས་མེད་པ་ཞིག་ཆགས་སྲིད་ཀྱི་རེད། ཁོང་ཚོས་ཁྲིམས་གཞིར་བཞག་གིས་བཀའ་མོལ་གནང་དགོས་པའི་རྒྱུ་མཚན་དེ། Vaclav Havel, the first president of Czech Republic ནུས་པ་མེད་པའི་མིའི་ནུས་པ་ཞེས་པའི་དེབ་ཅིག་བརྩམས་ཡོད་པ་རེད། ནུས་པ་ཡོད་མཁན་གྱིས་དབང་འཛིན་བྱས་བསྡད་ཡོད་པ་རེད། ནུས་པ་མེད་མཁན་གྱིས་ཁྲིམས་གཞིར་བཞག་བརྩད་ན། ཁྱེད་རང་གི་རྩ་ཁྲིམས་ནང་ཐོབ་ཐང་ཡོད་བཀོད་ཅེས་འདུག དེ་ལག་ལེན་བསྟར་དགོས་ཀྱི་ཡོད་ཅེས་རྩོད་སྐབས། ཁྲིམས་ལག་བསྟར་བྱས་ན་སོ་སོར་ཐོབ་ཐང་རག་གི་ཡོད་པ་རེད། ལག་ལེན་མ་བསྟར་ན་ཕར་ཕྱོགས་ཁྲིམས་མཐུན་གྱི་གཞུང་ཡིན་ཞེས་པ་དེ་ཁུངས་མེད་པ་ཆགས་འགྲོ་ཡི་རེད། བོད་གཞུང་གིས་རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་ནས་བཀའ་མོལ་གནང་བ་དེ་ཐབས་ཤེས་རེད་བསམ་གྱི་འདུག རྒྱ་ནག་གི་རྩ་ཁྲིམས་དོན་ཚན་བཞི་པ་དང་གྲང་ཉུང་མི་རིགས་ཀྱི་ཁྲིམས་༡༩༨༠ ལོའི་ནང་གཏན་འབེབས་བྱས་པའི་དོན་ཚན་༡༢ པ་དང། དོན་༣༡ པ་སོགས་ཀྱི་ནང་བཀོད་འདུག དེ་ལག་ལེན་བསྟར་རོགས་གྱིས་ཟེར་དུས། ལག་ལེན་མ་བསྟར་ན་རྒྱ་ནག་གཞུང་ཁྲིམས་མཐུན་གྱི་རྒྱལ་ཁབ་མ་རེད་ཅེས་ཁུངས་སྐྱེལ་ཐུབ་ཀྱི་ཡོད་པ་རེད། རྒྱལ་སྤྱིའི་ཐོག་ནས་༧གོང་ས་མཆོག་གིས་དབུ་མའི་ལམ་གཞིར་བཞག་ནས་འབད་བརྩོན་གནང་གི་འདུག དེ་ལ་བདག་པོ་མི་རྒྱག་མཁན་དེ་རྒྱ་ནག་རེད། སྐྱོན་དེ་རྒྱ་ནག་གཞུང་ལ་འདུག་ཅེས་ཝང་ལི་ཞུང་གིས་བརྗོད་དགོས་པའི་རྒྱུ་མཚན་དེ་རེད། སྤྱི་ཡོངས་ཀྱི་ཆ་ནས་ཞི་བའི་ཐོག་ནས་རྩ་དོན་ཆེད་བཀའ་མོལ་གནང་སྟངས་དང་བོད་གཞུང་གིས་གནང་སྟངས་འདྲ་བོ་འདུག དབུ་མའི་ལམ་དེ་བོད་གཞུང་གི་སྲིད་ཇུས་ཡིན་པས། བཀའ་བློན་ཁྲི་པར་སུ་ཕེབས་ནའང་དེ་ལག་ལེན་བསྟར་དགོས་པ་རེད། ང་ཡིན་ནའང་དེ་ལག་ལེན་བསྟར་རྒྱུ་ཡིན།
ལན། བསྟན་འཛིན་རྣམ་རྒྱལ་གྱིས། དྲི་བ་འདོན་མཁན་གྱིས་གསུངས་པ་བཞིན། དབུ་མའི་ལམ་གྱི་ཐོག་འགྲེལ་བཤད་འདྲ་མིན་རྒྱག་གི་ཡོད་པ་རེད། གོ་བ་འདྲ་མིན་ལེན་གྱི་ཡོད་པ་རེད། ང་རང་གིས་གོ་བ་ལེན་སྟངས་དེ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞི་འཚེ་མེད་ཞི་བའི་ཐོག་ནས་རྒྱ་དང་བོད་གཉིས་ཀ་ཕན་ཚུན་མཐུན་ནས་དཀའ་རྙོག་སེལ་ཐབས་དེ་སྙིང་དོན་རེད་བསམ་གྱི་འདུག དེ་ལག་ལེན་བསྟར་ནས་ལས་གཞིའི་ཐོག་འགྲོ་སྐབས་ཡུ་རོབ་གྲོས་ཚོགས་ཐོག་གི་གསུང་བཤད་ནས་བཟུང་དགོངས་འཆར་མང་པོ་ཡོད་པ་རེད། སྙིང་དོན་དེ་ཆོལ་ཁ་གསུམ་གཅིག་ཏུ་བསྒྲིལ་བའི་ཚད་ལྡན་གྱི་རང་སྐྱོང་དགོས་པ་དེ་རེད་བསམ་གྱི་འདུག དགོངས་པ་རྒྱ་ཆེན་པོ་བཞེས་ནས་༧རྒྱལ་བ་རིན་པོ་ཆེས་མཐའ་མའི་ཐག་གཅོད་དེ་བོད་མི་མང་གིས་ཐག་གཅོད་རེད་ཅེས་པ་དེ་ཡང་ང་རང་གི་སེམས་ལ་དུས་རྒྱུན་འཇོག་གི་ཡོད། སྲིད་ཇུས་དེ་སྤྱི་འཐུས་ལྷན་ཚོགས་ནས་༧རྒྱལ་བ་རིན་པོ་ཆེས་ཡེ་ཤེས་དབྱིངས་དཔྱད་ཀྱིས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད་ཅེས་གཏན་འབེབས་བྱས་པ་རེད། བཀའ་ཁྲི་གསར་པས་དེའི་ཐོག་ལག་ལེན་ཁེལ་བ་ཞིག་དགོས་པ་རེད་བསམ་གྱི་འདུག ཡིན་ནའང་དངོས་ཡོད་གནས་ཚུལ་ལ་སྐུ་ཚབ་ཐེངས་དགུ་ལ་ཕེབས་ནས་མཐའ་མ་དེར་རྒྱ་མིའི་གཞུང་གིས་ཁྱེད་རང་ཚོས་འཆར་གཞི་ཕུལ་བ་ཚང་མར་ངོས་ལེན་མེད་ཅེས་ལན་གསལ་པོ་སྤྲད་པ་རེད། ལན་གསལ་པོ་སྤྲད་ནའང་ང་རང་ཚོས་མ་གོ་མདོག་བྱས་ནས་བསྡད་ན་ང་རང་ཚོ་མགོ་སྐོར་ཐེབས་ཀྱི་མེད་འགྲོ། ཚུར་ལན་གསལ་པོ་སྤྲོད་སྐབས། ཚང་མར་བསམ་བློ་གཏོང་རྒྱུའི་འགན་ཡོད་པ་རེད། བཀའ་བློན་ཁྲི་པ་གཅིག་པུ་མ་རེད། སྤྱི་འཐུས་ལྷན་ཚོགས་ནས་དགོངས་པ་བཞེས་དགོས་པ་རེད་བསམ་གྱི་འདུག དགོངས་པ་བཞེས་དགོས་པ་རེད་ཟེར་དུས་སྲིད་ཇུས་རྙིང་པ་དང་ཕྱག་ལས་གནང་བ་ཚང་མ་ནོར་འཁྲུལ་རེད་ཟེར་གྱི་ཡོད་པ་མ་རེད། སྐབས་དང་དུས་ལ་ལས་དོན་བྱས་པ་རེད། གནད་དོན་འདི་འདྲ་ཞིག་ལ་སླེབས་དུས་ཐབས་ཤེས་ག་རེ་འདུག སྲིད་ཇུས་དེ་ལ་གནས་ཀྱི་ཡོད་ན། ནུས་པ་ཆེ་རུ་ག་རེ་གཏོང་དགོས་ཀྱི་འདུག སྲིད་ཇུས་དེ་གནས་ཀྱི་མེད་ན་འགྱུར་བ་ག་རེ་གཏོང་དགོས་ཀྱི་འདུག ཐབས་ལམ་ག་རེ་དགོས་ཀྱི་འདུག་ལྟ་རྒྱུའི་འགན་ཡོད་པ་རེད། གཞན་བཀའ་བློན་ཁྲི་པ་བྱེད་རྒྱུ་ཡིན། སྔོན་མའི་སྲིད་ཇུས་ཚང་མ་དེ་རིང་དུ་གནས་རྒྱུ་ཡིན་བརྗོད་ན། ལས་དོན་ལ་ཉིན་རེ་ཉིན་རེ་གནས་ཚུལ་གསར་པ་དང་འགྱུར་བ་ཡོང་གི་རེད། འགྲིག་པ་དང་མ་འགྲིག་པ་ཡོང་གི་རེད། དེ་ཚོ་ཚང་མར་ལེགས་བཅོས་བྱེད་རྒྱུའི་འགན་བཀའ་བློན་ཁྲི་པར་ཡོད་པ་རེད། སྲིད་ཇུས་ལག་ལེན་བསྟར་དགོས་པ་རེད། འགྲུབ་དང་མ་འགྲུབ་སྐབས་༧རྒྱ་རིན་པོ་ཆེ་ལ་སྙན་སེང་ཞུ་དགོས་པ་རེད། གྲོས་ཚོགས་ལ་སྙན་སེང་ཞུ་དགོས་པ་སོགས་ཀྱི་ལས་དོན་བསྒྲུབ་དགོས་པ་རེད་བསམ་གྱི་འདུག་ཅེས་སོགས་ཀྱི་དྲི་བ་དྲིས་ལན་ལྷུག་པོ་བྱུང་ཡོད་པ་རེད།།
{jcomments on}