རྩོད་རྒྱུགས་ཤིག་མཇལ་ཐུབ་ན་བསམ་པ་ཡིན།

 

ཉིན་དེའི་ཞོགས་པ་མོན་གྷོ་འདོད་རྒུ་གླིང་གི་སེར་སྐྱ་ཡོངས་དང་། ཕྱོགས་སོ་སོ་ནས་ཕེབས་པའི་དགེ་འདུན་པ་དང་མི་སྐྱ་ཕོན་ཆེན་གྱིས་དུང་རྒྱ་སྤོས་སྣེའི་སྔོན་བསུས་ཏེ་ཕེབས་བསུ་སྣེ་ལེན་ཟབ་རྒྱས་ཐོག རྭ་སྟོད་གྲྭ་ཚང་གི་འདུ་ཁང་གསར་བར་ཆིབས་བསྒྱུར་བཀའ་དྲིན་གནང་ཡོད་པ་རེད།

dalailama1_31_01_2011དེ་ཡང་ཐོག་མར་རྭ་སྟོད་གྲྭ་ཚང་གི་འདུ་ཁང་གསར་བ་སྒོ་འབྱེད་དང་།  ༧གོང་ས་མཆོག་ལ་ཁ་དར་དང་མནྜལ་འདེགས་འབུལ་གྱི་ལས་རིམ་གྲུབ་རྗེས་རྭ་སྟོད་གྲྭ་ཚང་གཙོས་མི་མང་ཡོངས་ལ་བཀའ་སློབ་དོན།  དེ་རིང་ང་ཚོ་མོན་གྷོ་འདོད་རྒུ་གླིང་གཞིས་ཆགས་སུ་འཁྱུག་ཙམ་བཅར་ཐུབ་པ་རེད། དུས་ཚོད་ཞེ་དྲགས་ཡོད་པ་མ་རེད། དེ་རིང་འདིར་ཡོང་དོན་གཙོ་བོ་དེ་ཁ་སྔོན་སེ་ར་ཆོས་སྒར་དུ་ཕྱིན་ནས་རྩོད་རྒྱུགས་ཤིག་མཇལ་བ་ཡིན། དེ་རིང་འདིར་འབྲས་སྤུངས་དང་དགའ་ལྡན་དུ་ཕྱིན་ནས་རྩོད་རྒྱུགས་ཤིག་མཇལ་ཐུབ་ན་བསམ་པ་ཡིན། གང་ལྟར་ང་རང་ཚོའི་གདན་ས་ཆེ་ཁག་འདི་དག་གཞུང་ཆེན་སློབ་གཉེར་བྱེད་ས་དངོས་ནས་དྲང་ནས་དཔལ་ན་ལེནྜའི་ཆོས་བརྒྱུད་འཛིན་སྟངས་ཡང་དག་པ་ཞིག་ཆགས་ཡོད་པ་རེད། ད་ལྟ་ན་ལེནྜའི་མཁས་པ་ཚོས་བརྩམས་པའི་གཞུང་ལ་སློབ་སྦྱོང་བྱེད་པའི་རྒྱུས་མེད་མཁན་ཞིག་ལ་དཔལ་ན་ལེནྜའི་ཆོས་བརྒྱུད་འཛིན་མཁན་ཡིན་ཞེས་ལབ་ནས་རྩི་རྒྱུ་ཞིག་གེ་ཡོད་པ་མ་རེད། སྔོན་མ་རྩོད་རྒྱུག་ཏོག་ཙམ་བྱས་ཡོད་པ་རེད། བར་སྐབས་མ་བྱུང་བ་ཡིན་དུས་ལྟ་ཐུབ་ན་བསམ་པའི་ང་རང་ལ་སྐལ་བ་བཟང་པོ་བྱུང་། གཙོ་བོ་དེ་རེད། དེའི་ཞོར་ལ་གྲྭ་ཚང་སོ་སོ་རེད། ཤར་རྩེ་གྲྭ་ཚང་ལ་སྔོན་མ་ཡིན་ན་ཆོས་འབྲེལ་བྱེད་རྒྱུར་སྟབས་བདེ་བོ་ཞིག་ཡོད་མ་རེད། ད་ཆ་གཙང་མ་ཆགས་བསྡད་ཡོད་པས་ཆོས་འབྲེལ་ཞིག་བྱེད་རྒྱུ་བྱས། དེ་རང་འདིར་ར་སྟོད་གྲྭ་ཚང་གི་འདུ་ཁང་གསར་པ་བརྒྱབ་ནས་དེའི་སྒོ་འབྱེད་དེ་བྱུང་ན་ཞེས་ཞུ་བཅར་བྱུང་བ་རེད། དེར་བརྟེན། ང་རང་འདིར་བཅར་བ་ཡིན། ཁྱེད་རང་ཚོའི་ས་གནས་ས་ཐོག་ནས་སེར་སྐྱ་མི་མང་ཚང་མ་ང་རང་ཚོ་ངོ་ཤེས་པ་རྙིང་པ་ཆགས་བསྡད་ཡོད་པ་རེད། དད་པ་དམ་ཚིག་གཙང་མ་ཆགས་ཡོད་པ་རེད། མ་ཟད་གཙུག་ལག་ཁང་གསར་པ་ལེགས་གྲུབ་བྱུང་བ་དང་ལོ་རྒྱུས་ལྡན་པའི་རྭ་སྟོད་གྲྭ་ཚང་གི་བླ་མ་ཚོ་རེད། དེ་བཞིན་སློབ་གཉེར་བ་ཡོངས་ལ་བཀྲ་ཤིས་བདེ་ལེགས་ཞུ་བཞིན་ཡོད། ཅེས་གསུང་སོང་། དེ་ནས་རྭ་སྟོད་མཁན་རིན་པོ་ཆེའི་ཞབས་བརྟན་གསོལ་འདེབས་ཀྱི་ལྗགས་ལུང་གནང་གྲུབ་རྗེས་རྭ་ཚང་གིས་རྩོད་རྒྱུག་གཟིགས་འབུལ་ཞིག་ཀྱང་༧གོང་ས་མཆོག་ལ་ཕུལ་རྗེས། དཔལ་ལྡན་འབྲས་སྤུངས་བླ་སྤྱིའི་འདུ་ཁང་དུ་༧གོང་ས་མཆོག་ཆིབ་བསྒྱུར་གནང་ཡོད་པ་རེད། མོན་གྷོ་གསར་འགོད་པས།

{jcomments on}