གུ་ཡངས་པའི་གྲོས་ཚོགས་ཤིག་བསྐྲུན་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན།

ལན། རུང་རྒྱས་ཨ་གྲགས་དང་། ཨ་ཀྲུག་བློ་སྤོ་སོགས་བཙོན་དུ་བཅུག་ནས་ལོ་གསུམ་རིང་ཚར་གཉིས་ཐུག་ཐུབ་པ་བྱུང་ཡོད་པ་རེད། དང་པོ་དེ་༢༠༠༧ ལོར་ཁྲིམས་ཐག་བཅད་མ་ཐག་དར་རྩེ་མདོ་ནས་ཐུག་པ་དང་། གཉིས་པ་དེ་མར་རྒྱ་ནག་ལ་ཁྲིད་ཚར་དུས་ཞུ་བ་ཡང་ཡང་བྱས་མཐར་༢༠༠༩ ལོར་༼མིས་ཡང་༽བཙོན་ཁང་དུ་ཐུག་པ་རེད། ཁོང་རྣམས་དང་ཐོག་འཛིན་བཟུང་སྐབས་ཀྱི་ཉེས་རྡུང་གི་མྱོང་ཚོར་བརྗོད་དུས། ང་ཚོ་ཤི་ཡུལ་ནས་ཚུར་ཡོང་བ་ལྟ་བུ་ཡིན། ཡང་ཤི་ཡང་སོས་མང་པོ་བྱས་པ་ཡིན། མདོར་བསྡུས་ན་སྐབས་དེ་དུས་ངས་ཁྱོད་གསོད་རྒྱུ་ཡིན་ཟེར་མཁན་ཞིག་དང་ཐུག་ན་དྲིན་ཆེན་གྱི་ཕ་ཐུག་པ་དང་ཁྱད་ཡོད་ས་མ་རེད་ཅེས་གསུངས་འདུག སི་ཁྲོན་མེན་ཡཱང་བཙོན་ཁང་དུ་བཙོན་པ་སུམ་སྟོང་ལྷག་ཙམ་དང་། བོད་ཀྱི་ཆབ་སྲིད་བཙོན་པ་ཡང་མང་པོ་ཡོད་འདུག ཁོང་རྣམས་ལ་སྔར་ལྟར་ཉེས་རྡུང་ཆེན་པོ་མྱོང་དགོས་མེད་ཀྱང་། བཙོན་པ་གཞན་ལྟར་མ་ཡིན་པ་དོ་དམ་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁ་ལག་ཧ་ཅང་སྐྱོ་བས་ལུས་ཟུང་ཉམས་པ་དང་། སྔར་ཉེས་རྡུང་སྐབས་ཀྱི་སྐྱོན་ཆག་བྱུང་བ་རྣམས་ལ་ན་ཟུག་བྱུང་ཡང་། སྨན་བཅོས་བྱེད་ཐབས་མེད་པ་སོགས་ཀྱི་དཀའ་ངལ་མུ་མཐུད་ནས་མྱོང་བཞིན་ཡོད་འདུག
དྲི་བ། རུང་རྒྱས་ཨ་གྲགས་སོགས་བཙོན་འཇུག་བྱས་ནས་ལོ་གསུམ་ལྷག་སོང་ཟིན་པས་ད་ལྟའི་ཆར་ཕ་ཡུལ་གྱི་ནང་མི་རྣམས་ལ་དམིགས་བསལ་དམ་དྲག་ཡོད་མེད་མཁྱེན་རྟོགས་བྱུང་སོང་ངམ།
ལན། སྔོན་མ་ལྟར་ཡང་ཡང་ནང་ལ་སྔོག་བཤེར་བྱེད་པ་དང་། ནང་མི་ཉེ་འབྲེལ་ལ་འདྲི་རྩད་བྱེད་པ་སོགས་ད་ལྟའི་ཆར་ཉུང་ཉུང་ཆགས་འདུག་ཀྱང་། ཕྱོགས་ཐམས་ཅད་ནས་འགྲོ་འོང་ཀུན་ལ་སོ་ལྟ་བྱེད་པ་དང་། རྒྱུན་དུ་གཟབ་གཟབ་བྱེད་དགོས་པ་མ་ཟད། གནས་ཚུལ་ཆུང་ཆུང་ཞིག་ལ་ཡང་དོགས་པ་ཆེན་པོ་ལངས་ཏེ་སུན་པོ་བཟོ་བ། ལྷག་པར་དུ་རྒྱ་གར་ལ་འགྲོ་བའི་ལམ་ཡིག་སོགས་ནི་ནང་མི་ཙམ་མ་ཡིན་པར། ལི་ཐང་མངའ་ཁུལ་ལ་དམིགས་བསལ་དོ་དམ་བྱེད་ཀྱི་ཡོད་འདུག

དྲི་བ། གཞན་དྲི་བ་ཞུ་རྒྱུ་ཞིག་ལ་ད་ལྟའི་ཆར་བཀའ་བློན་ཁྲི་པ་དང་སྤྱི་འཐུས་ཀྱི་འོས་བསྡུ་ཆེན་མོའི་སྐོར་བགྲོ་གླེང་མང་པོ་ཞིག་ཡོང་གི་ཡོད་པ་དང་། སྐུ་ཉིད་སྤྱི་འཐུས་ཀྱི་འོས་མི་མང་པོ་ཞིག་གི་ནང་དུ་འདུག་པས་གལ་སྲིད་འོས་ཐོབ་ན་ཁྱེད་སྤྱི་འཐུས་སུ་ཞུགས་རྒྱུ་ཡིན་ནམ།
ལན། རྒྱ་ཆེའི་མང་ཚོགས་ཀྱིས་ཐུགས་རེ་གནང་སྟེ་ང་ལ་འོས་ཐོབ་པ་ཡིན་ན།  ངས་ཀྱང་རེ་བ་ཆུད་ཟོས་སུ་མི་གཏོང་བར་ལྷག་བསམ་རྣམ་དག་གིས་སྤྱི་འཐུས་སུ་ལངས་ཏེ་ཁོང་རྣམས་ཀྱི་ཐུགས་རེ་འགྲུབ་ཆེད་རང་ནུས་གང་ཡོད་ཀྱིས་བོད་ཀྱི་རྩ་དོན་དང་། ༧གོང་ས་མཆོག་གི་དགོངས་དོན་འགྲུབ་ཐབས་ལ་འབད་བརྩོན་བྱེད་ཀྱི་ཡིན། ཕྱོགས་གཞན་ཞིག་ནས་བསམ་བློ་བཏང་བ་ཡིན་ན། ང་ལ་འདི་འདྲའི་རྒྱབ་སྐྱོར་ཆེན་པོ་ཞིག་གནང་བ་ནི། ངའི་ཨ་ཞང་རུང་རྒྱས་ཨ་གྲགས་ཀྱིས་སྙིང་སྟོབས་ཆེན་པོས་རྒྱ་ནག་ལ་ངོ་རྒོལ་ཤུགས་ཆེ་བྱས་པ་ལ་བརྟེན་ནས་མདོ་དབུས་ཁམས་གསུམ་ལ་ནུས་པ་ཆེན་པོ་ཐོན་པ་དང་། མང་ཚོགས་ཀྱིས་རྒྱབ་སྐྱོར་མཚོན་ཆེད་དུ་ང་ལ་རྒྱབ་སྐྱོར་གནང་གི་ཡོད་པ་རེད་བསམ་གྱི་འདུག དེ་ཡིན་ཙང་ངས་མི་འདུག་ཞུ་ཐུབ་ས་མ་རེད།

དྲི་བ། མདོ་སྟོད་ཀྱི་སྤྱི་འཐུས་འོས་གཞི་མང་པོ་ཞིག་ཏུ་ཁྱེད་འདུག་པ་དང་། དགེ་ལུགས་སྤྱི་འཐུས་ཀྱི་འོས་གཞི་མང་པོའི་ནང་དུ་ཁྱེད་འདུག་པས་ཆོལ་ཁ་དང་ཆོས་བརྒྱུད་གཉིས་ཀྱི་ནང་ནས་གང་གི་ཁོངས་སུ་ཞུགས་རྒྱུ་ཡིན།
ལན། ང་ཆོས་བརྒྱུད་སྤྱི་འཐུས་སུ་ལང་གི་ཡིན། གང་ཡིན་ཟེར་ན། དེང་སང་ང་ཚོའི་གཅེས་ནོར་བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་ནི། འཛམ་གླིང་གི་དེང་རབས་ཅན་གྱི་མཁས་དབང་མང་པོ་ཞིག་གིས་དོ་སྣང་ཆེན་པོ་བྱེད་བཞིན་པ་ཡོད་ཀྱང་ང་ཚོ་བོད་པའི་ཆོས་དང་ཆོས་པ་དབྱེ་བ་ཕྱེ་མ་ཤེས་པ་དང་། གང་ཟག་རེ་ཟུང་གིས་ཆོས་ལུགས་ཁ་ལ་ཁྱེར་ཏེ་སྒེར་དོན་སྣ་ཚོགས་བསྒྲུབས་པའི་རྐྱེན་གྱིས་མཐོང་སྣང་མ་དག་པ་ཞིག་ཡོང་བཞིན་འདུག་པས་སྐབས་འདིར། རང་ཉིད་ཀྱིས་ལྷག་བསམ་རྣམ་དག་གིས་མང་ཚོགས་ཀྱི་སེམས་ལ་བག་ཆགས་བཟང་པོ་རེ་འཇོག་ཐུབ་ན་བསམས་པ་ཡིན། གཞན་ཡང་བོད་ཀྱི་ན་གཞོན་དེང་རབས་ཀྱི་ཤེས་ཚད་མ་སྨིན་པ། སྲོལ་རྒྱུན་གྱི་རྣམ་དཔྱོད་བོར་ཟིན་པ་ཁག་ཅིག་གིས་བོད་པའི་ཆོས་དང་ཁ་བྲལ་དགོས་ཀྱི་འདུག་ཅེས་གསུང་གི་ཡོད་པ་རེད། སྤྱིར་འཇིག་རྟེན་ན་སྲིད་རྐྱང་པའི་རྒྱལ་ཁབ་སྐྱོང་གི་ཡོད་ཟེར་མཁན་ཡོད་པ་རེད་དེ། ང་ཚོ་བོད་པར་དེ་ཡོང་ཐབས་མེད་པ་ཞིག་རེད། གང་ཡིན་ཟེར་ན། ང་ཚོར་ཆོས་སྲིད་ཟུང་འབྲེལ་གྱི་ལོ་རྒྱུས་མང་པོ་ཞིག་ཡོད་ཙང་། རིག་གཞུང་དང་ཡུལ་གྱི་གཤིས་ལུགས་ཚང་མ་ཆོས་དང་ཆོས་ལུགས་ལ་ཆུ་དང་འོ་མ་བཞིན་འདྲིས་བསྡད་ཡོད་པ་རེད། དེས་ན་བོད་པ་ཆོས་དང་ཁ་བྲལ་རྒྱུ་ཡིན་ཟེར་བ་ནི། ཉ་མོ་ཆུ་དང་ཁ་བྲལ་རྒྱུ་ཡིན་ཟེར་བ་དང་ཆ་རེད་བསམས་ཀྱི་འདུག དེ་འདྲ་ཡིན་དུས་དེ་དག་ལའང་ནུས་པ་རེ་ཐོན་ན་བསམ་གྱི་ཡོད།

དྲི་བ། གལ་སྲིད་ཁྱེད་རང་སྤྱི་འཐུས་སུ་སླེབས་སོང་ན་གནད་དོན་གང་དང་གང་གི་ཐོག་ལ་ཤུགས་རྒྱག་རྒྱུའི་རེ་བ་དང་འཆར་གཞི་ཡོད།
ལན། སྤྱིར་གནད་དོན་མང་པོ་ཡོང་གི་རེད་བསམ་གྱི་འདུག ཡིན་ན་ཡང་ངས་ཤུགས་རྒྱག་སའི་འཆར་གཞི་དང་རེ་བ་གཙོ་བོ་ནི་གྲོས་ཚོགས་ཀྱིས་གང་བྱས་པ་དེ་༧གོང་ས་མཆོག་གི་དགོངས་གཞི་དང་མཐུན་པ་དང། ཁོང་གི་དགོངས་བཞེས་འགྲུབ་པའི་ཆ་རྐྱེན་དུ་འགྲོ་བ་མ་གཏོགས་འགལ་རྐྱེན་དུ་ནམ་ཡང་མི་འགྲོ་བ་ཞིག་ལ་འབད་བརྩོན་བྱ་རྒྱུ་ཡིན། གཞན་ཡང་ད་ལྟའི་ཆར་ང་ཚོའི་གྲོས་ཚོགས་དེ་ཅུང་གུ་དོག་པ་འདྲ་ཞིག་མཐོང་གི་ཡོད། གང་ཡིན་ཟེར་ན། ཆོལ་ཁ་དང་ཆོས་ལུགས་ཀྱི་འཐེན་ཁྱེར་ཆེ་ཞིང་དོན་དངོས་ཀྱི་གནས་ལུགས་འཚོལ་སྲོལ་མེད་པ་ཞིག་རེད། མང་གཙོའི་རྒྱལ་ཁབ་ཅིག་གི་ངོས་ནས་བཤད་ན་གྲོས་ཚོགས་ནི་ཧ་ཅང་གི་གལ་ཆེ་བ་དང། གྲོས་ཚོགས་ཤིག་གི་ངོས་ནས་འཐེན་ཁྱེར་དང་བྲལ་བའི་ཆིག་སྒྲིལ་ནི་སྲོག་རྩ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་བཞིན་ཡོད། དེ་ཡིན་སྟབས་གུ་ཡངས་པའི་གྲོས་ཚོགས་ཤིག་བསྐྲུན་རྒྱུའི་རེ་བ་དང་འབད་བརྩོན་བྱ་རྒྱུ་ཡིན། །

{jcomments on}