མདོ་སྟོད་སྤྱི་འཐུས་འོས་མི་གངས་ལྷ་མོ་ལ་བཅར་འདྲི།

དྲི་བ། ༡ སྐུ་ཉིད་སྤྱི་འཐུས་ཀྱི་འོས་མིར་ལངས་དགོས་པའི་རྒྱུ་མཚན་གསུང་རོགས།

ལན།༡ བོད་མི་ཡོད་དོ་ཅོག་ལ་རང་མི་རིགས་ཀྱི་བདེ་རྩའམ་བོད་དོན་བདེན་མཐའ་གསལ་ཕྱིར་འགན་རེ་ཡོད་པ་རེད། ང་རྙོག་འཛིང་ལ་སྐྲག་གི་འདུག་ཟེར་ནས་བོད་སྤྱི་པའི་དོན་ལ་གཡོལ་ཐབས་མེད། ང་ལ་ཁང་བརྩེགས་དང་རྒྱུ་ནོར་གྱི་བང་མཛོད་ཡོད་ཟེར་ནས་བོད་སྤྱི་དོན་ལ་སྣང་ཆུང་ཡང་གཏོང་ཐབས་མེད། བོད་མི་ཡུལ་གྱར་བ་ཚོ་ནི་བོད་མི་ས་ཡ་དྲུག་གི་སེམས་ཀྱི་རེ་འདུན་སྒྲུབ་མཁན་ཡིན་དགོས་པ་ལས། གཞན་ཡུལ་དུ་མི་ཚེ་ཕུ་འདེད་ཁོ་ནར་བྱས་ནས་བསྡད་ན་འགྲིག་གི་མེད་པ་ལྟར། སྤྱི་འཐུས་ནི་མི་མང་སྤྱིའི་བདེ་སྡུག་ལ་ལྟ་མཁན་ཡིན་སྟབས། བོད་མི་ཤེས་འཇོན་ཅན་ཚོས་རྩོད་ལེན་དགོས་པ་གཡོལ་ཐབས་མེད་པའི་འོས་འགན་རེད། གུས་མོ་ད་ཐེངས་སྤྱི་འཐུས་འོས་གཞིར་ལངས་དགོས་པའི་རྒྱུ་མཚན་ཡང་དེ་འདྲ་ཡིན།

དྲི་བ། ༢ སྐུ་ཉིད་ལ་འོས་ཐོབ་ན་ལས་དོན་གཙོ་བོ་གང་ལ་ཤུགས་སྣོན་རྒྱག་རྩིས་ཡོད་དམ།

ལན།༢ སྔོན་འགྲོའི་འོས་བསྡུའི་སྐབས་གུས་མོར་ཁམས་རིགས་སྤུན་ཟླ་སུམ་སྟོང་ལྷག་གིས་རྒྱབ་སྐྱོར་གནང་བ་དེ་ནི་ང་རང་ལ་མཚོན་ན་སྤོབས་པ་དང་གཟི་བརྗིད་ཀྱི་རྒྱབ་ལྗོངས་ཤིག་ལ་བརྩི་ཡི་ཡོད། གལ་ཏེ་ང་རང་ལ་སྤྱི་འཐུས་ཀྱི་འོས་ཤོག་ཐོབ་ན་བརྒྱ་ཁ་གཅིག་གཅོད་ཀྱིས་བོད་ཀྱི་ལས་དོན་ཡོངས་རྫོགས་བསྒྲུབ་ཐབས་མེད་པ་ནི་ཀུན་གྱིས་མཁྱེན་གསལ་རེད། འོན་ཀྱང་རྒྱ་མཚོའི་ཆུ་ཐིགས་ཀྱི་དཔེ་ལྟར་གཙོ་བོ་རང་གི་ཁྱད་ཆོས་དང་ནུས་པ་ལ་བརྟེན་ནས་བོད་ཀྱི་བདེན་མཐའ་གསལ་ཐབས་དང། ཆོས་དང་རིག་གཞུང་ཐད་ལེགས་སྐྱེས་གང་ཐུབ་ཅི་ནུས་འབུལ་རྩིས་ཡོད། དེ་བཞིན་༸རྒྱལ་བ་དོན་གྱི་བདག་པོས་བུད་མེད་སྐོར་ལ་བཀའ་སློབ་རིམ་ཕེབས་ཀྱི་སྙིང་དོན་ལྟར། བུད་མེད་ནི་སྤྱི་ཚོགས་བདེ་སྐྱིད་ཀྱི་རྩ་བ་དང། ལེགས་ལམ་སྣེ་ཁྲིད་བྱེད་མཁན་མིའི་རིགས་ཀྱི་སློབ་དཔོན་ཐོག་མ་དེ་ཡིན་པས། རང་རིགས་ཀྱི་ལམ་དང་ལུགས་སྲོལ་བཟང་པོ་རྣམས་བེད་སྤྱོད་མ་ནོར་བའི་སྒོ་ནས་རང་རེའི་བུད་མེད་ཡོངས་ཀྱི་ཤེས་རབ་དང་བློ་གྲོས་མཐོར་འདེགས་ཐད་ནུས་པ་གང་ཐུབ་འདོན་འཆར་ཡོད།

དྲི་བ། ༣ སྐུ་ཉིད་ཀྱིས་འདས་པའི་གྲོས་ཚོགས་ནང་མ་འགྲིག་ས་གཙོ་བོ་དང་འཐུས་ཤོར་ཕྱིན་པ་གཙོ་བོ་ག་རེ་ལ་ངོས་འཛིན་བྱེད་ཀྱི་ཡོད་དམ། དེའི་ཐོག་དགོངས་ཚུལ་ག་རེ་ཡོད།

ལན།༣ ཤར་ནུབ་རྒྱལ་ཁབ་དང་སྒྲིག་འཛུགས་གང་ཡིན་ཡང་ལེགས་ཉེས་གཉིས་ཀས་གྲུབ་ཡོད་པ་རེད་ལ། ལེགས་ཉེས་འབྱེད་སྐབས་གཙོ་བོ་ལེགས་ཉེས་མང་ཉུང་དཔྱད་བསྡུར་གྱི་སྒོ་ནས་བརྗོད་དགོས་པ་ལས་མཐའ་གཅིག་ཏུ་བཟང་ངན་གྱི་དབྱེ་བ་འབྱེད་སྲོལ་མེད། ལོ་རབས་ཕྱེད་རིང་༸རྒྱལ་བ་དོན་གྱི་བདག་པོ་མཆོག་གཙོས་པའི་རྒན་རབས་ཚོའི་བློ་གྲོས་དང་ཤེས་རབ་ལ་བརྟེན་ནས་བོད་བཙན་བྱོལ་གཞུང་འདི་བྱིའུ་ཆུང་ཡང་ཡན་ལག་ཚང་བའི་དཔེ་ལྟར། ལེགས་པའི་ཆ་མང་དག་བགྲང་རྒྱུ་ཡོད་པ་རེད། སྤྱི་འཐུས་གྲོས་ཚོགས་ནི་མང་གཙོ་དང་རང་དབང་གི་མཚོན་དོན་ཞིག་ཡིན་ཡང་དགེ་སྐྱོན་གཉིས་ཀ་ཡོད་པ་ནི་སྨྲོས་མ་དགོས་པ་རེད། འོན་ཀྱང་རང་རེའི་བདེན་མཐའ་གསལ་ཐབས་གཙོས། གཞུང་མང་འཛིན་སྐྱོང་དོ་དམ་སོགས་ཀྱི་གནད་དོན་ཐད་མ་འོངས་པར་སྤྱི་འཐུས་རྣམས་ཀྱིས་སྒེར་གྱི་ནུས་པ་དང་ཁྱད་ཆོས་ལ་བསྟུན་ནས་རང་འཁྲིའི་ལས་དོན་མང་པོའི་ཁྲོད་ནས་སྒེར་གྱིས་ལས་འཆར་གཙོ་བོ་རེ་དང་དུ་བླངས་ཏེ། དུས་ཚོད་ངེས་བཅད་ཀྱིས་གྲོས་ཚོགས་སུ་སྙན་ཐོ་ཕུལ་ནས་ལས་དོན་དེ་དག་མཇུག་སྐྱོང་ཐུབ་དགོས་པ་དང། གྲོས་ཚོགས་ཀྱི་ཚོགས་དུས་ཀྱང་མང་དུ་བཏང་ནས་རང་རིགས་ཀྱི་གནད་དོན་ཆེ་ཕྲ་ཆུང་གསུམ་ལ་དུས་ཐོག་ཐག་གཅོད་ཡོང་ཐབས་གཙོ་བོར་འཛིན་དགོས་པ་ལས་གནད་དོན་ཕུང་གསོག་གིས་དོན་དག་འགྲུབ་རྒྱུ་ཁག་པོ་རེད་ལ་སྒྱིད་ལུག་དང་རྗེས་ལུས་ཀྱི་རྣམ་པ་ཇེ་གསལ་དུ་གཏོང་མི་ཉན་སྙམ།

དྲི་བ། ༤ གལ་སྲིད་༸གོང་ས་མཆོག་གིས་བོད་ཀྱི་སྲིད་ཀྱི་ཐུགས་འགན་མ་བཞེས་ཚེ་བཅའ་ཁྲིམས་ལ་བསྒྱུར་བཅོས་གང་དགོས་དང། ད་ལྟའི་བཅའ་ཁྲིམས་ནང་གི་སྡེ་སྲིད་ལྷན་ཚོགས་བསྐོ་སྟངས་ཐོག་དགོངས་ཚུལ་ག་རེ་ཡོད།

ལན།༤ ༸གོང་ས་མཆོག་ནས་སྲིད་དོན་གྱི་ཐུགས་འགན་མི་བཞེས་པའི་སྐོར་གསུངས་པ་ནི་ཆབ་སྲིད་ཀྱི་གོ་གནས་འཛིན་རྒྱུ་མིན་གསུངས་པར་གོ་དགོས་པ་ལས། བོད་ཀྱི་ཆབ་སྲིད་ཐད་ཇུས་རྟོག་རྩ་བ་ནས་གནང་གི་མིན་ཞེས་གོ་ན་ནོར་འཁྲུལ་ཡིན་པ་རེད། རང་རེའི་སེམས་འཁོར་ས་ནི་དོན་གྱི་བདག་པོ་ཁོང་རེད། ༸རྒྱལ་བ་རིན་པོ་ཆེ་དང་ཟམ་གདོང་རིན་པོ་ཆེ་སོགས་རྒན་རབས་རྣམས་ནི་ང་ཚོའི་བོད་རིགས་ཡོངས་ཀྱིས་ནམ་ཡང་གཡོ་བ་མེད་པའི་བརྩི་བཀུར་ཞུ་ཡུལ་རེད་ལ། ཁོང་རྣམ་པ་འཚོ་ཞིང་བཞུགས་པ་ཙམ་གྱིས་ང་ཚོའི་བསོད་ནམས་སུ་སྒོམ་དགོས་པ་རེད། བཀའ་སྤྱི་གཉིས་ཀྱི་གོ་དབང་རྩོད་ལེན་ཐད་ཀྱང་ཆ་རྐྱེན་མང་ཙམ་བགྲང་ནས་འདེམས་ན་ལེགས་ཤིང། བཀའ་སྤྱིར་ལངས་མཁན་ཚོས་ཀྱང་དངོས་གཞི་འོས་འདེམས་མ་བྱུང་གོང་སྒེར་གྱི་མ་འོངས་ལས་འཆར་སྙན་ཐོ་ཞིག་ཕྱིར་བསྒྲགས་བྱ་ཐུབ་ན་ཡག་པོ་ཡོད། གཞུང་འཛིན་སྐྱོང་གི་དབང་ཆ་རྩོད་ལེན་བྱེད་སྟངས་ནི་རང་དབང་དང་མང་གཙོའི་རྒྱལ་ཁབ་སྤྱི་མཚུངས་ལྟར་ཆབ་སྲིད་ཚོགས་པ་གསར་འཛུགས་ཐོག་མི་མང་གིས་རྒྱབ་སྐྱོར་སུ་ལ་ཐོབ་ན་དབང་ཆ་དེ་ལ་སྤྲོད་དགོས་པའི་ལུགས་སྲོལ་བཞིན་བྱ་དགོས།

དྲི་བ། ༥ ད་ཡོད་ཀྱི་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་སྒྲིག་འཛུགས་ཀྱི་འགྲོ་སྟངས་དེ་མ་འགྲིག་པ་དང་འགྱུར་བ་གཏོང་དགོས་པ་དེ་འདྲ་གཟིགས་ཀྱི་ཡོད་དམ།

ལན།༥ ད་ཡོད་ཆོལ་ཁོངས་ནས་ཡོང་བའི་སྤྱི་འཐུས་ཆོལ་ཁའི་རང་ཁོངས་ས་གནས་ཡོངས་ཀྱི་འཐུས་ཚབ་ཡོང་ཐབས་ཐད་ཆ་རྐྱེན་ཁག་ཁ་སྣོན་རྒྱག་ཐུབ་ན་བོད་ཀྱི་ས་ཁོངས་ཡོངས་རྫོགས་ཚུད་པའི་རྨང་གཞི་བཙུགས་ཐུབ་ལ། དེ་མིན་ལས་རིགས་མི་འདྲ་བའི་ཐོག་ནས་སྤྱི་འཐུས་ལེགས་འདེམས་འབྱུང་ཚེ། རིག་གཞུང་སྲུང་སྐྱོབ་དང། ལས་རིགས་ཁག་གི་ཆེད་ལས་མི་སྣ་གསོ་སྐྱོང་ལའང་ཕན་ཐོགས་ངེས་ཅན་ཡོད། ཆོས་བརྒྱུད་ཀྱི་སྤྱི་འཐུས་ཐད། ཆོས་རིག་ལས་ཁུངས་དམིགས་བསལ་དང་རང་དབང་གི་སྡེ་ཚན་ཞིག་ཏུ་བསྒྱུར་ནས་ཆོས་བརྒྱུད་ཡོངས་རྫོགས་དེར་འདུ་ཐུབ་ན་ཆོས་མི་ཤེས་མཁན་ཚོས་ཆོས་པའི་སྡེ་ཚོགས་ལ་ཇུས་མེད་ཇུས་གཏོགས་མི་ཡོང་བའི་ལེགས་ཆ་ལྡན་ཡོད་སྙམ། དེའང་བླ་ཆེན་དང་ཆོས་བརྒྱུད་ཁག་གི་དགེ་བའི་བཤེས་གཉེན་ཚོས་གཙོ་འགན་བཞེས་དགོས་པའི་ཕྱོགས་ཤིག་རེད། ཆོས་པའི་སྡེ་ནི་བོད་མི་རིགས་ཀྱི་སྲོག་ཤིང་གི་དཔུང་ཁག་ཅིག་ཏུ་གྲུབ་ཡོད་སྟབས། བོད་བསྟན་སྲིད་འཛིན་སྐྱོང་སྤེལ་གསུམ་གྱི་བྱ་གཞག་ཐད་ཁོང་རྣམ་པ་ནི་མེད་དུ་མི་རུང་བ་ཞིག་ཡིན་པར་བརྟེན། ང་ཚོར་ཆོས་བརྒྱུད་སྤྱི་འཐུས་ངེས་པར་དུ་དགོས་པ་མ་ཟད། ཆོས་པའི་སྡེ་ནི་མིའི་རིགས་ཀྱི་བདེ་རྩ་སྲུང་མཁན་དམིགས་བསལ་གྱི་སྡེ་ཚོགས་ཤིག་ལ་ངོས་འཛིན་བྱས་ཏེ་ཚགས་ཚུད་ཏུ་གཏོང་དགོས་པ་རེད། གྲོས་ཚོགས་གོང་འོག་གི་གྲུབ་ཆ་ལའང་ལེགས་ཉེས་ཀྱི་ཆ་གཉིས་ཀ་ཡོད། གལ་ཏེ་སྡེ་ཚན་ཆུང་ཡང་ལས་དོན་གནད་ལ་འཁེལ་བའི་སྒོ་ནས་སྒྲུབ་ཐུབ་མཁན་ཞིག་ཡིན་ན་ནི་སྡེ་ཚན་དང་མི་གྲངས་མང་ཉུང་ནི་གནད་འགག་མིན། སྡེ་ཚན་དང་ལས་མིའི་ནུས་པ་སོགས་སྤུས་གཙང་ཡོད་མེད་ཀྱི་གནད་དོན་ལ་གཙོ་བོར་རགས་ལས་ཡོད་པ་བཞིན། དཔེར་ན་སྡེ་ཚན་དང་མི་གྲངས་མང་ཉུང་ལ་མ་ལྟོས་པར་གྲོས་ཚོགས་གསར་པར་ཕུལ་བྱུང་མི་སྣ་ལེགས་འདེམས་ཀྱིས་གྲུབ་པ་ཞིག་བྱུང་ན་གཞི་རིམ་གྱི་གནད་དོན་མང་ཙམ་གྲོས་ཚོགས་སུ་སྤུངས་ཐུབ་ལ་དེར་ཐག་གཅོད་ཡོང་བའི་ཕན་ཐོགས་ཡོད་པ་རེད།།

{jcomments on}