གདན་ས་རྣམ་གྲོལ་གླིང་དུ་ཁྲི་འདོན་གྱི་མཛད་སྒོ་འཚོགས་པ།

aaadrimey 2
དེ་ཡང་ཁ་སང་༢༠༡༡་༣་༡༨ ཉིན། ཁྱད་ཆོས་ཆེ་བ་དྲུག་གིས་མངོན་པར་མཐོ་བའི་དཔལ་གསང་ཆེན་སྔ་འགྱུར་བའི་གདན་ས་མ་དགོན་ཆེན་མོ་དྲུག་གི་ཡ་གྱལ། ཤར་རྒྱལ་བ་དཔལ་ཡུལ་བའི་གདན་ས་གཉིས་པ། ཐེག་མཆོག་རྣམ་གྲོལ་བཤད་སྒྲུབ་དར་རྒྱས་གླིང་དུ། ཞིང་གཞེགས་༸སྐྱབས་རྗེ་༸གྲུབ་དབང་པད་ནོར་རིན་པོ་ཆེའི་ཐུགས་སྲས་དམ་པ། དཔལ་ཡུལ་ཁྲི་རབས་བཅུ་གཉིས་པ། ༸སྐྱབས་རྗེ་༸ཀརྨ་སྐུ་ཆེན་རིན་པོ་ཆེས། རྣམ་གྲོལ་གླིང་གི་མཁན་ཐོག་ ༦ ་པ་དང་། བླ་མ་རྡོ་རྗེ་སློབ་དཔོན་གྱི་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོ་དེ་གནང་ཡོད་པ་རེད། སྐབས་དེར་ཁྲི་འདོན་མངའ་གསོལ་གནང་བའི་ནང་མཁན་པོ་གྲངས་ ༡༡༠ དང་། བླ་མ་རྡོ་རྗེ་སློབ་དཔོན་གྲངས། ༡༨ བཅས་ཡོད་འདུག

དེའང་ད་རེས་མཁན་པོ་གྲངས་ ༡༡༠ ཡོང་སྟངས་ནི། སྔ་འགྱུར་མཐོ་སློབ་ཆེན་མོའི་སྒྲིག་སྲོལ་ལྟར་མཁན་པོའི་འོས་ཆོས་ཚང་བ་གྲངས་ ༨༨ དང་། དེའི་སྟེང་ ༸སྐྱབས་རྗེ་ཀརྨ་སྐུ་ཆེན་རིན་པོས་དགོས་དབང་གིས་དམིགས་བསལ་མཁན་པོའི་མཚན་གནས་གནང་བ་ ༢༢ བཅས་བསྡོམས་མཁན་པོ ༡༡༠ བྱུང་ཡོད་པ་རེད། མཁན་པོ་དེ་དག་ཀྱང་། སྔ་འགྱུར་མཐོ་སློབ་ཁང་དུ་ལོ་དགུའི་རིང་གཞུང་བཀའ་པོད་ལྔ་ལ་ཐོས་བསམ་སློབ་གཉེར་གནང་སྟེ། རྒྱུགས་སྤྲོད་ཀྱི་ལམ་ནས་སློབ་མཐར་ཕྱིན་པ་ཤ་སྟག་ཡིན་པ་འདྲ་བ་ཡིན།aaadrimey 3འོན་ཀྱང་མཚན་ལྡན་མཁན་པོའི་འོས་ཆོས་འགའ་ཡོད་པ་ནི། རྟེན་བསྙེན་རྫོགས་ཡིན་པ་དང་། ལོ་དགུའི་རིང་རྒྱུགས་སྤྲོད་གནང་བའི་ནང་ནས་རྒྱུགས་སྤྲོད་ཀྱི་ཨང་ཐོབ་སྡེ་ཚན་དང་པོ་ལྔ་ཡན་རག་ཡོད་པ།  དཔལ་ཡུལ་བའི་རི་ཆོས་སྔོན་རྩ་རྫོགས་གསུམ་བཞུགས་ཟིན་པ། སློབ་མཐར་ཕྱིན་ནས་དགོན་པའི་གཞུང་འབྲེལ་གྱི་སྲི་ཞུ་ལོ་གསུམ་རིང་གནང་ཡོད་པ་བཅས་ཡིན་པ་རེད། འདི་ལ་གོང་སོང་གི་འོས་ཆོས་འགའ་མ་ཚང་རུང་ལོ་གྲངས་གྲངས་སྤར་གྱིས་མཚན་ལྡན་འོས་ཆོས་ཚང་པའི་ལམ་ཁ་གཞན་ཞིག་ཀྱང་ཡོད་པ་རེད། དཔེར་ན་རྒྱུགས་སྤྲོད་ཨང་རིམ་སྡེ་ཚན་དང་པོ་ལྔ་མེད་ནའང་ལོ་དྲུག་རིང་གཞུང་འབྲེལ་ཞབས་ཕྱི་ཞུས་ཏེ་མཚན་ལྡན་གྱི་མཁན་པོའི་གོ་གནས་ཐོག་འགྲོ་ཆོག་པ་ལྟ་བུ་རེད།

དེ་བཞིན་བླ་མ་རྡོ་རྗེ་སློབ་དཔོན་དག་ཀྱང་། རྟེན་རབ་བྱུང་། ལོ་གསུམ་ཟླ་གསུམ་ཞག་གསུམ་རིང་སྒྲུབ་ཁང་ནང་བཞུགས་ཏེ་རྩ་གསུམ་བསྙེན་པ་ཚད་ལྡན་སོང་བ། སྒྲུབ་ཁང་ནས་ཐོན་ཏེ་ལོ་བཞིའི་རིང་གཞུང་འབྲེལ་དགོན་པའི་ཞབས་ཕྱི་ཞུས་ཟིན་པ་སོགས་ཡིན་འདུག་ལ། མཁན་པོ་དང་བླ་མ་གཉིས་ཀྱི་ཐུན་མོང་འོས་ཆོས་ནི་རབ་བྱུང་གྱི་བསླབ་ཁྲིམས་ཐོག་མཐོང་ཐོས་དོགས་གསུམ་གྱི་སྒོ་ནས་ཉེས་སྐྱོན་བྱུང་མེད་པ་ཞིག་དགོས་རྒྱུ་བཅས་ཡིན་པ་རེད་འདུག

དེའང་ཁྲི་འདོན་མངའ་གསོལ་གྱི་མཛད་སྒོའི་སྐབས་གདན་ས་རྣམ་གྲོལ་གླིང་དགོན་པ་གཞུང་གིས་བླ་མ་རྣམས་ལ་སློབ་དཔོན་ཐུགས་རྗེ་ཅན་གྱི་སྐུ་རེ་དང་། བླ་ཞྭ། མཁན་པོ་རྣམས་ལ་སྟོན་པ་ཐུབ་པའི་དབང་པོའི་སྐུ་རེ་དང་། མཁན་ཞྭ། མཁན་པོའི་ཕྱག་ཁྱེར་བཅས་གནང་ཡོད་པའི་ཁར། དེ་གཉིས་ཆ་ལ་བུམ་པ་ཆ་རེ།  སྨན་རག་ཆ་རེ། རྡོ་དྲིལ་ཆ་རེ། ཕུད་སྐོང་། གཟན་གཤམ་་ཆ་རེ། ཆོས་གོས་དང་གདན་བ་བཅས་མངའ་གསོལ་གྱི་གཟེངས་བསྟོད་དུ་ཕུལ་ཡོད་པ་རེད་འདུག

མཛད་སྒོ་འདི་ནི་༸སྐྱབས་རྗེ་ཞིང་གཤེགས་དམ་པ་གྲུབ་དབང་པད་ནོར་རིན་པོ་ཆེ་སྐུ་ཞི་བར་གཤེགས་ནས་ལོ་གཉིས་ཧྲིལ་པོ་འཁོར་ལ་ཉེ་བའི་སྐབས་སུ་ཁེལ་ཡོད་པ་དང་། བོད་ཟླ་གཉིས་པའི་ཚེས་༡ ནི་གང་ཉིད་ཞི་བར་གཤེགས་པའི་འདས་མཆོད་ཀྱི་ཉིན་མོ་ཡིན་སྟབས། ད་ལྟ་ནས་འདས་མཆོད་འཚོགས་རྒྱུའི་གྲ་སྒྲིག་ཀྱང་གནང་བཞིན་པ་རེད་འདུག་བཅས་འཆམ་ར་བས་དད་ཅིང་གུས་པའི་བློས་ཕུལ།

༼ཟུར་ཞུ། མཁན་པོ་དང་བླ་མ་རྡོ་རྗེ་སློབ་དཔོན་གྱི་ཁྲི་འདོན་མངའ་གསོལ་གྱི་བསོད་ནམས་ཐོབ་པའི་གུས་ཤིང་བརྩེ་བའི་ཆོས་མཆེད་དམ་པ་ཡོངས་ལ། རོལ་དཀར་ལྷ་རེག་གིས་སྣེ་དྲངས་ནས་འཚམས་འདྲི་བཀྲ་ཤིས་བདེ་ལེགས་གྲངས་མེད་དང་། སླད་ཆར་ཡང་། ༸སྐྱབས་རྗེ་རིན་པོ་ཆེའི་རླབས་ཆེན་ཐུགས་དགོངས་སྒྲུབ་པའི་སྲས་ཀྱི་ཐུ་བོ་རེ་ཡོང་བའི་སྨོན་པ་ཁྲི་ཕྲག་ཞུ་ཞུ་ཞུ། ཞེས་འཆམ་ར་དྲི་མེད་རྒྱལ་མཚན་ནས་གུས་ཕུལ།༽