བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་དབུ་འཛུགས་མཛད་སྒོ།
ཟླ་འདིའི་ཚེས་༢༡ ཉིན་གྱི་ཞོགས་པའི་ཆུ་ཚོད་དགུ་དང་ཕྱེད་ཀའི་ཐོག་དྷ་སྟེང་བོད་ཁྱིམ་སློབ་གྲྭའི་ཚོགས་ཁང་ཆེན་མོར། བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་སྐོང་འཚོག་དབུ་འཛུགས་གནང་ཞིང། དེ་སྔོན་ཉིན་གསུམ་རིང་འཚོག་འཆར་ཡོད་ཀྱང་སྤྱི་འཐུས་ཚོགས་གཙོ་མཆོག་༧གོང་ས་མཆོག་མཇལ་བཅར་སྐབས་སུ་ཉིན་གཅིག་མང་དུ་བཏང་རྒྱུའི་བཀའ་མོལ་བྱུང་ནས་ཁྱོན་ཉིན་བཞིའི་རིང་ཚོགས་གཏན་ཁེལ་ཡོད་པ་རེད།
ཚོགས་ཆེན་དབུ་འཛུགས་ཀྱི་མཛད་སྐོའི་སྐབས་ཁྲིམས་ཞིབ་པ་ཆེ་བ་གཙོས་ཁྲིམས་དཔོན་རྣམ་པ་དང། སྤྱི་འཐུས་ཚོགས་གཙོ་སྦྲེལ་པོ་གཙོས་སྤྱི་འཐུས་རྣམ་པ་དང། འདེམས་ཐོན་སྤྱི་འཐུས་རྣམ་པ། སྤྱི་ཟུར་རྣམ་པ། བཀའ་བློན་ཁྲི་པ་མཁས་དབང་ཟམ་གདོང་རིན་པོ་ཆེ་དབུས་བཀའ་བློན་རྣམ་པ་དང། འདེམས་ཐོན་བཀའ་བློན་ཁྲི་པ་མཁས་དབང་བློ་བཟང་སེང་གེ། བཀའ་ཟུར་རྣམ་པ། དེ་བཞིན་གཞུང་གི་དྲུང་ཆེ་དང་ལས་བྱེད། གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཁག་གི་སྐུ་ཚབ། རྒྱལ་ཁབ་གང་ས་ནས་ས་གནས་བོད་མིའི་སྐུ་ཚབ། མི་སྒེར་བཅས་ཁྱོན་མི་གྲངས་བཞི་བརྒྱ་ལྷག་ཚོགས་ཕེབས་བྱུང་ཡོད་པ་རེད།
དེ་ནས་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་ཕུལ་བ་དང། བོད་རྒྱལ་ཁབ་ཀྱི་དོན་དུ་སྐུ་སྲོག་ཤོར་བའི་དཔའ་བོ་དཔའ་མོ་རྣམས་ཀྱི་ཆེད་མྱ་ངན་ངག་བཅད་སྐར་མ་གཅིག་རིང་གནང་བ་སོགས་ལས་རིམ་ཁག་གྲུབ་རྗེས། སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་གིས་ཚོགས་ཆེན་དབུ་འཛུགས་ཀྱི་གསུང་བཤད་གནང་དོན། བཙན་བྱོལ་བོད་མིའི་བཅའ་ཁྲིམས་རིན་པོ་ཆེར་བསྐྱར་བཅོས་གཏོང་རྒྱུའི་སྐོར་གཞི་རིམ་མང་ཚོགས་ཀྱི་བསམ་ཚུལ་བསྡུ་རུབ་ཞུ་རྒྱུ་དམིགས་ཡུལ་དུ་བཟུང་བའི་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་གཉིས་པ་དེ་འཚོག་གི་ཡོད་པ་རེད། ཉེ་བའི་དུས་ཡུན་གང་འཚམ་རིང། གནད་དོན་འདིའི་ཐོག་གཞི་རིམ་མང་ཚོགས་ནང་དང། གསར་འགྱུར་བརྒྱུད་ལམ་ཁག་ནས་བསམ་ཚུལ་འདོན་པ་དང། དཔྱད་བརྗོད་སྤེལ་བ། བགྲོ་གླེང་བྱེད་པ་སོགས་ཚང་མས་དོ་སྣང་ཆེན་པོ་གནང་སོང་བར་ཐུགས་རྗེ་ཆེ་ཞུ་ཡི་ཡོད་ཅེས་དང། ད་ཐེངས་ཉིན་གསུམ་གྱི་ཚོགས་འདུ་འདིའི་ཐོག་ནས་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ནང་འཁོད་པའི་སྔོན་གླེང་དང། དོན་ཚན་དང་པོའི་ཐོག་ཞལ་བཞེས་གནང་སྐྱོང་ཡོང་བའི་གསོལ་འདེབས་སྙན་ཞུ་གཏན་འབེབས་གནང་རྒྱུ་དང། དེ་བཞིན་བཅའ་ཁྲིམས་བསྐྱར་བཅོས་ཀྱི་དོན་ཚན་སྤྱི་ཡོངས་ཐོག་མང་ཚོགས་ཀྱི་བསམ་ཚུལ་རྣམས་སྤུངས་ཏེ། གྲོས་ཚོགས་ཚོགས་དུས་འཕར་མའི་སྟེང་བཅའ་ཁྲིམས་བསྐྱར་བཅོས་སྐབས་སྤྱི་འཐུས་རྣམ་པའི་དགོངས་དཔྱད་ཀྱི་ཆེད་དུ་ཐུགས་ཕན་སོས་པའི་རེ་བ་ཡོད། གྲོས་ཚོགས་ནས་བཅའ་ཁྲིམས་གཏན་འབེབས་གནང་གྲུབ་བསྟུན། སྐབས་༡༥ པའི་སྤྱི་འཐུས་ལྷན་ཚོགས་ནས་འབྲེལ་ཆགས་སྒྲིག་གཞི་ཁག་ལ་རིམ་པས་འགྱུར་བ་གཏོང་གི་རེད་ཅེས་དང། གཞན་ཡང་ཚོགས་གཙོ་མཆོག་༧གོང་ས་མཆོག་ལ་མཇལ་བཅར་སྐབས་སུ་ཉིན་གཅིག་འཕར་མ་འཚོག་ཐུབ་ན་ལེགས་ཚུལ་བཀའ་མོལ་བྱུང་བ་བཞིན་ཚོགས་འདུ་ཉིན་བཞིའི་འཚོག་རྒྱུ་ཡིན་སོགས་གསུངས་སོང།
དེ་རྗེས་བཀའ་བློན་ཁྲི་པ་ཟམ་གདོང་རིན་པོ་ཆེས་བཀའ་ཤག་གི་གསུང་བཤད་གནང་དོན། ད་རེས་ཚོགས་ཆེན་འདིའི་དམིགས་ཡུལ་གཙོ་བོ་ནི། རིང་མིན་དཔལ་ལྡན་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཚོགས་དུས་འཕར་མའི་ནང་བཙན་བྱོལ་བོད་མིའི་བཅའ་ཁྲིམས་བསྐྱར་བཅོས་གནང་སྐབས་བཅའ་ཁྲིམས་རིན་པོ་ཆེའི་དོན་ཚན་ཁག་གི་ནང་གསལ་༧གོང་ས་མཆོག་གི་ཐུགས་འགན་དང། སྐུ་དབང་དང་འབྲེལ་བའི་དོན་ཚན་ཡོངས་རྫོགས་བསྐྱར་བཅོས་གནང་སྟེ་འགྱུར་བ་འགྲོ་རྒྱུ་ཡིན་སྟབས། དེའི་སྐབས་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་དང་བོད་མི་རིགས་ཀྱི་དབར་བཅའ་ཁྲིམས་ཀྱི་བརྒྱུད་ལམ་ནས་འབྲེལ་བའི་ཆ་རྐྱེན་གཏན་མེད་དུ་སོང་ན་བློས་འགན་བཟོད་བྲལ་ལ་བརྟེན། ༧གོང་ས་༧སྐྱབས་མགོན་ཆེན་པོའི་ཐུགས་རྗེའི་ལྕགས་ཀྱུ་དང། བོད་མི་རིགས་ཀྱི་དད་པའི་ཨ་ལོང་འབྲལ་ཐབས་མེད་པའི་འབྲེལ་བ་དེ་བཅའ་ཁྲིམས་ཀྱི་ཚིག་བརྗོད་དུ་གསལ་བ་ཞིག་ཡོང་ཐབས་དང། དེའི་ཆེད་བོད་མི་ཡོངས་རྫོགས་བསམ་འདུན་གཅིག་མཐུན་གྱི་ལམ་ནས་༧གོང་ས་༧སྐྱབས་མགོན་ཆེན་པོར་དེ་འདྲའི་ཚིག་བརྗོད་ཅིག་འགོད་འཐུས་བཀའ་འཁྲོལ་ཡོང་བའི་གསོལ་བ་ཕུར་ཚུགས་སུ་འདེབས་རྒྱུའི་ཆེད་དུ་ཡིན་པ་ཚང་མས་དགོངས་གསལ་རེད་ཅེས་དང།
མུ་མཐུད་གསུང་དོན། བཙན་བྱོལ་བོད་མིའི་སྒྲིག་འཛུགས་འདི་བོད་ཀྱི་གཞུང་ངོ་མ་ཡིན་པའི་ཁྲིམས་མཐུན་གྱི་གནས་བབ་(Legitimacy) རྒྱུན་གནས་ཐུབ་ཐབས་དང། རྒྱལ་སྤྱིའི་ནང་བཙན་བྱོལ་སྒྲིག་འཛུགས་ཀྱི་ངོས་འཛིན་དང་དེའི་རྒྱལ་སྤྱིའི་འབྲེལ་ལམ་རྒྱུན་གནས་ཡོང་ཐབས་གཉིས་ཧ་ཅང་གཙོ་གནད་ཆེ་བ་ཞིག་ཡིན་སྟབས། བཅའ་ཁྲིམས་བསྐྱར་བཅོས་སྐབས་གནད་དོན་འདི་གཉིས་དམིགས་བསལ་ཐུགས་སྣང་དགོས་པ་ཞིག་ཡིན་པའི་ཐོག བཙན་བྱོལ་སྒྲིག་འཛུགས་རྒྱུན་གནས་ཡོང་རྒྱུར་འགལ་རྐྱེན་འགྲོ་སྲིད་པའི་ཚིག་བརྗོད་ཁག་ཀྱང་ཞོར་དུ་བསྐྱར་བཅོས་ཐུབ་ན་དགེ་མཚན་ཡོང་རྒྱུ་བཅས་ལས་རིམ་ཚོགས་ཆུང་གི་རྒྱབ་གཉེར་གྲོས་ཚོགས་ནས་ངོས་ལེན་གནང་བ་གཞིར་བཟུར་བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གིས་གོང་གསལ་གནད་དོན་རྣམས་ཐུགས་ལ་བཞག་སྟེ་བསྐྱར་བཅོས་ཟིན་བྲིས་ནང་བཀོད་གནང་མཛད་འདུག་པ་དེ་ལ་བཀའ་ཤག་གིས་མོས་མཐུན་དང་རྒྱབ་སྐྱོར་ཞུ་རྒྱུ་ཡིན་ཞེས་སོགས་གསུངས་སོང།
ཞོགས་པའི་ཚོགས་འདུ་དབུ་འཛུགས་ཀྱི་མཛད་སྒོ་གྲོལ་རྗེས། ཚོགས་ཆུང་བཅུ་རུ་བགོས་ནས་ཁག་སོ་སོར་བགྲོ་གླེང་ཞིབ་ཕྲ་གནང་རྒྱུ་ཡིན་པ་དང། ཉིན་བཞིའི་རིང་བགྲོ་གླེང་གནང་བའི་གྲུབ་འབྲས་ཁག་ཉིན་མཐའ་མ་སྟེ། ཟླ་འདིའི་ཚེས་༢༤ ཉིན་སླར་ཡང་རྒྱས་འཛོམས་ཐོག་སྙན་སྒྲོན་གནང་རྒྱུ་དང། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཀྱི་སྙན་ཐོའི་སྔོན་གླེང་དང། དོན་ཚན་དང་པོའི་སྐོར་གསོལ་འདེབས་ཞུ་རྒྱུའི་སྙན་ཞུ་སྙན་སྒྲོན་དང་འབྲེལ་གཏན་འབེབས་གནང་རྒྱུ་ཡིན་པ་རེད།།
{jcomments on}