རྒྱལ་བའི་བཀའ་བཞིན་སྒྲུབ་རྒྱུའི་དམ་བཅའ།

དེའི་ཐོག་སྐུ་མགྲོན་གཙོ་བོ་སྐྱབས་རྗེ་བློ་བཟང་ཕུན་ཚོགས་གཙོས་ཁམས་ཚན་གྱི་བཀའ་རབ་འབྱམས་དགེ་བའི་བཤེས་གཉེན་རྣམས་དང་གྲྭ་མང་ཉིས་བརྒྱ་ལྷག་བཅས་མཉམ་ཞུགས་གནང་ཡོད་པ་རེད། སྐུ་མགྲོན་གཙོ་བོ་སྐྱབས་རྗེ་བློ་བཟང་ཕུན་ཚོགས་མཆོག་གིས་གཞིས་བྱེས་བོད་མི་ཡོངས་ཀྱི་༧གོང་ས་མཆོག་གི་བཀའ་དགོངས་ཅི་བཞིན་སྒྲུབ་དགོས་པའི་སྐོར་ལ་བཀའ་སློབ་གནང་དོན། ༧གོང་ས་རྒྱལ་བ་རིན་པོ་ཆེའི་ཐུགས་རྗེ་བཀའ་དྲིན་གྱིས་ང་རང་ཚོ་གནས་ཡུལ་རྒྱ་གར་རྒྱལ་ཁབ་གཙོས་ལུང་པ་གཞན་ཚོས་ཀྱང་བོད་པ་ལ་ཧ་ཅང་གདེང་འཇོག་བྱེད་ཀྱི་ཡོད་པ་མ་ཟད། ད་ལྟ་འཛམ་གླིང་ནང་སྐྱབས་བཅོལ་བ་གཞན་ལས་ལྷག་པའི་གནས་སྟངས་སོགས་ཀྱི་བཀའ་དྲིན་ནི་བོད་མི་ཚང་མས་ཤེས་པའི་ཐོག ༧གོང་ས་མཆོག་གི་བཀའ་དགོངས་ཅི་བཞིན་སྒྲུབ་ཐུབ་ཐབས་ལ་འབད་བརྩོན་བྱེད་དགོས་པ་ཞིག་དང་། ལྷག་པར་བོད་མི་ནང་ཁུལ་དང་གདན་ས་གྲྭ་ཚང་ཁག། དེ་བཞིན་ཆོས་བརྒྱུད་ཁག་བཅས་ཀྱི་བར་ལ་ཆོས་སྲིད་གཉིས་ཐོག་མཐུན་ལམ་རྡོག་རྩ་གཅིག་སྒྲིལ་བྱེད་དགོས་པ་ཧ་ཅང་གལ་ཆེན་པོ་ཡིན་པ་ཤེས་པའི་ཐོག སོ་སོའི་སྐབས་སུ་བབ་པའི་ལས་འགན་གང་ཡིན་པ་དེར་ཤུགས་རྒྱག་དགོས་པ་རེད་ཅེས་དང། ༧གོང་ས་མཆོག་གི་བོད་མི་ས་ཡ་དྲུག་ལ་བསྐྱངས་པའི་བཀའ་དྲིན་དེ་གཟུགས་སུ་བཀོད་པ་ཡིན་ན་སྟོང་གསུམ་འདི་སྣོད་དུ་བྱས་ཀྱང་ཤོང་ཐབས་བྲལ་བ་ཞིག་རེད་ཅེས་གསུངས་སོང་།
མཇུག་ཏུ་ཁམས་ཚན་དེ་གའི་གྲྭ་མང་ཡོངས་ཀྱིས་༧གོང་ས་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེའི་མདུན་དུ་དེ་སྔོན་ནང་བཞིན་༧གོང་ས་མཆོག་གི་བཀའ་དགོངས་ཇི་བཞིན་འགལ་མེད་ཐོག་ཞུ་རྒྱུའི་ཁས་ལེན་དམ་བཅའ་ཕུལ་ཡོད་པ་རེད།།
མོན་གྷོ་ནས་ས་གནས་གསར་འགོད་པས།