བོད་མི་སྐྱབས་བཅོལ་བར་ལག་ཁྱེར་སྤྲོད་རོགས།

ཉེ་བའི་ཆར་ཨ་མི་རི་ཁའི་ཕྱི་སྲིད་སྐྱབས་བཅོལ་དང་མི་འབོར་ཚན་པའི་འགོ་ཁྲིད་ལས་རོགས་ Kelly Clements ཞེས་པས་འབྲུག་དང་བལ་ཡུལ་རྒྱལ་ནང་དུ་ཟླ་འདིའི་ཚེས་༡༤ བར་གཞུང་འབྲེལ་གཟིགས་སྐོར་བྱས་ཡོད་པ་དང་། དེ་རྗེས་ཁོང་གིས། ཡུན་རིང་འགོར་བའི་འབྲུག་པ་སྐྱབས་བཅོལ་བའི་གནད་དོན་དེ་འབྲུག་དང་བལ་ཡུལ་ཕྱོགས་གཉིས་ནས་ཐག་གཅོད་ཐུབ་པའི་ཐབས་ལམ་བཙལ་ནས་སྔ་ཙམ་ནས་སེལ་ཐབས་དགོས་པ་ནན་བརྗོད་བྱས་ཡོད་པ་རེད། ཞོར་དུ་བོད་མི་སྐྱབས་བཅོལ་བའི་གནད་དོན་གླེང་སྐབས། ཨ་རིའི་གཞུང་གི་ངོས་ནས་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་ཚོར་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། ལྷག་དོན་བལ་ཡུལ་དུ་བོད་མི་དང་གཞོན་སྐྱེས་མང་པོར་ལག་ཁྱེར་གང་ཡང་མེད་རྐྱེན། ཐ་ན་ཁོང་ཚོའི་མི་ཚེའི་མདུན་ལམ་དང་ཉིན་རེའི་འཚོ་ཐབས་ཐད་ལ་ཡང་དཀའ་ངལ་འཕྲད་བཞིན་པའི་གནས་སྟངས་ཐད། བློ་འཚབ་ཆེན་པོ་བྱེད་བཞིན་ཡོད་པས་ད་ཐེངས་ངས་བལ་ཡུལ་གཞུང་ལ་བོད་མི་ཚོར་སྐྱབས་བཅོལ་ལག་ཁྱེར་སྤྲོད་དགོས་པ་ནན་སྐུལ་ཞུ་རྒྱུ་ཡིན་ཞེས་དང་། ཨ་རིའི་གནས་སྟངས་དེ་འདྲར་གཞིགས་ནས་སྔོན་མ་བལ་ཡུལ་ནང་གི་བོད་མི་སྐྱབས་བཅོལ་བ་མི་གྲངས་ལྔ་སྟོང་ཙམ་ཨ་མི་རི་ཁར་ལེན་རྒྱུའི་ལས་གཞི་དང་ལག་བསྟར་བྱེད་ཐབས་བྱས་ཀྱང་། རྒྱ་ནག་གཞུང་གི་ངོ་རྒོལ་ལ་བརྟེན་ལས་གཞི་དེ་ལམ་ལྷོང་མ་བྱུང་བ་རེད་ཅེས་བརྗོད་ཡོད་པ་རེད།

ཁོས་ད་དུང་བལ་ཡུལ་གཞུང་གིས་ད་བར་བོད་ནས་རྒྱུན་ཆད་མེད་པར་འབྱོར་བཞིན་བའི་བོད་མི་ཚོ་བལ་ཡུལ་བརྒྱུད་རྒྱ་གར་ལ་བསྐྱོད་རྒྱུར་ཕྱོགས་གང་ཐད་ནས་མཐུན་འགྱུར་གནང་བཞིན་པ་ནི་བསྔགས་འོས་པས། མུ་མཐུད་དེ་ལྟར་ཡོང་རྒྱུ་ཨ་རིའི་གཞུང་གིས་རེ་བ་བྱེད་བཞིན་ཡོད་ཅེས་བརྗོད་འདུག།

བལ་ཡུལ་དུ་ཚོད་རྩིས་ལྟར་ན་བོད་མི་སྐྱབས་བཅོལ་བ་མི་གྲངས་༢༠༠༠༠ ཡས་མས་ཡོད་པ་དང་དེའི་ཁྲོད་ལག་ཁྱེར་མེད་མཁན་མི་གྲངས་སྟོང་ཕྲག་ཁ་ཤས་ཡོད་པ་རེད་འདུག བོད་མི་ཁོང་ཚོར་རྒྱ་ནག་གི་གནོན་ཤུགས་ལ་བརྟེན་གཞན་དང་མ་འདྲ་བར་དཀའ་ངལ་འདྲ་མིན་ཡོད་ཁོངས་ནས། ལག་ཁྱེར་མེད་བའི་དཀའ་ངལ་དེ་ཆེ་ཤོས་ཡིན་པ་རེད་འདུག །
བལ་ཡུལ་གསར་འགོད་པས།