ལྐོག་ཟ་རུལ་སུངས་བྱེད་པ་དེ་ནི་འཚེ་བའི་ནང་ཚུད་ཡོད།
དེ་ཡང་ཟླ་འདིའི་ཚེས་༢ ཉིན་༸གོང་ས་མཆོག་གིས་བདག་ཉིན་ཆེན་པོ་གྷན་དྷིའི་འཁྲུངས་སྐར་དང་སྟབས་བསྟུན་བཀའ་སློབ་གནང་དོན། “མི་རྣམས་ཀྱི་འཛམ་གླིང་ནང་གི་འཚེ་བའི་ལས་ཐམས་ཅད་ལས་གྲོལ་ཐུབ་པར་འབད་བརྩོན་བྱེད་དགོས་ཞེས་ནན་སྐུལ་བྱེད་ཀྱི་ཡོད། སྐྱེ་བོ་སུ་ཞིག་གིས་ཁ་ཞེ་གཉིས་མེད་ཀྱི་སྒོ་ནས་འཚེ་བ་མེད་པའི་ལྟ་གྲུབ་ལ་རྗེས་འབྲང་བྱས་ན། ངེས་པར་དུ་ནུས་ཤུགས་ཡོད་ཚད་བཏོན་ནས་སྤྱི་ཚོགས་ནང་ཡོད་པའི་ལྐོག་ཟ་རུལ་སུངས་གཙོས་པའི་འཚེ་བའི་བྱ་བ་ཡོད་ཚད་འདོར་དགོས། ལྐོག་ཟ་རུལ་སུངས་བྱས་པ་དེ་ནི་འཚེ་བ་བྱེད་སྟངས་གཞན་ཞིག་ཡིན་པ་དང་། ང་ཚོས་ངེས་པར་དུ་སྤྱི་ཚོགས་ནང་ལ་ཡོད་པའི་ནད་རིགས་དེ་མེད་པ་བཟོ་བར་འབད་བརྩོན་བྱེད་དགོས་”ཞེས་གསུངས་ཡོད་པ་རེད།
བདག་ཉིད་ཆེན་པོ་གྷན་དྷིས་འཁྲུངས་སྐར་གྱི་དུས་དྲན་ཉིན་མོར་འཛམ་གླིང་ཡོངས་ལ་ཕུལ་བའི་བརྡ་འཕྲིན་ནང་བདག་ཉིད་ཆེན་པོ་གྷན་དྷེ་ཡི་འཚེ་བ་མེད་པའི་ལྟ་གྲུབ་ལག་བསྟར་བྱ་དགོས་ཞེས་པ་དེ་ཡིན་པ་དང་། ༧གོང་ས་མཆོག་གིས་གསུང་དོན། “དེ་བཞིན་མི་རྣམས་ཀྱིས་ཁོང་གི་འཁྲུངས་སྐར་ཉིན་མོར་ཁོང་དྲན་གསོ་བྱས་པའི་སྐབས་མི་དེ་ཚོས་ཁོང་གི་འཚེ་བ་མེད་པའི་ལྟ་གྲུབ་ངེས་པར་དུ་ལག་བསྟར་བྱ་དགོས། འཚེ་བ་མེད་པའི་ལྟ་གྲུབ་དེ་ལག་ལེན་བསྟར་བ་ནི་ང་ཚོའི་ཉིན་རེའི་འཚོ་བའི་ནང་འོས་ཤིང་འཚམས་པའི་སྒོ་ནས་ཁོང་ལ་དྲན་གསོ་བྱ་ཐབས་ཤིག་རེད། གལ་སྲིད་ཁོང་གི་བཏོན་པའི་འཚེ་བ་མེད་པའི་ལམ་ཁ་དེ་ལ་དོ་སྣང་དང་ལག་ལེན་མ་བསྟར་པ་ཡིན་ན་ཁོང་གི་མཚན་དེ། ཉིན་ལྟར་རེ་བཞིན་ཁ་ནས་མ་ཎི་བགྲང་བ་ལྟར་བྱས་ཀྱང་དོན་མེད་ཆག་འགྲོ་ཡི་རེད། བདག་ཉིད་ཆེན་པོ་མཆོག་གིས་འཚེ་བ་མེད་པའི་ལྟ་གྲུབ་དེ་ནི་ངེས་པར་དུ་ཉིན་རེའི་འཚོ་བའི་ཁྲོད་ཀྱི་ཆ་ཤས་ཤིག་ལ་བརྩི་དགོས་ཀྱི་ཡོད་དགོངས་ཀྱི་ཡོད་པ་དང་། ཁོང་གིས་བཞག་པའི་འཚེ་བ་མེད་པའི་ཐབས་ལམ་གྱི་བརྡ་འཕྲིན་དེ་གལ་ཆེའི་སྒོ་ནས་ལག་བསྟར་བྱས་པ་ཡིན་ན། འཛམ་གླིང་འདི་མཛེས་སྡུག་ལྡན་པ་ཞིག་སྐྲུན་ཐོབ་ངེས་རེད་”ཅེས་དང་།
“ཉེ་བའི་ལོ་བདུན་ཅུའི་ནང་རྒྱ་གར་གྱིས་མང་གཙོ་ལམ་ལུགས་དང་འབྲེལ་བའི་སྒོ་ནས་སྤྱི་ཚོགས་ནང་ལ་གོམ་ཆེན་སྤོས་ནས་ལྐོག་ཟ་རུལ་སུངས་དང་གནད་དོན་གཞན་པ་འགའ་ལ་ཁ་གཏད་བཅག་ཡོད་པ་རེད། ངའི་བསམ་པར་མི་མང་གིས་ཁ་ཞེ་གཉིས་མེད་ཀྱི་འཚེ་བ་མེད་པ་ལ་ཡིད་ཆེས་ཡོད་པ་ཡིན་ན་ལྐོག་ཟ་རུལ་སུངས་ལ་སོགས་པའི་བྱ་ངན་ནང་དུ་མི་ཚུད་པ་འབད་བརྩོན་བྱེད་དགོས་”ཞེས་སོགས་ལམ་སྟོན་བཀའ་སློབ་གནང་ཡོད་པ་རེད།
བདག་ཉིན་ཆེན་པོ་གྷན་དྷིའི་འཁྲུངས་སྐར་དེ་ནི་རྒྱལ་སྤྱིའི་འཚེ་མེད་ཞི་བའི་ཉིན་མོ་གཏན་ཁེལ་ཡོད་པ་དང་། ༸གོང་ས་མཆོག་གིས་འཚེ་མེད་ཞི་བའི་ཐབས་ལམ་དེ་ཉིན་རེའི་འཚོ་བའི་ནང་མུ་མཐུད་ནས་རྒྱུན་སྐྱོང་བྱེད་དགོས་པ་ནི་གལ་གནད་ཆེན་པོ་ཡིན་པ་མ་ཟད། རྒྱལ་ཁབ་ཕན་ཚུན་བར་གྱི་འབྲེལ་བར་ཡང་གལ་ཆེན་པོ་ཆགས་ཡོད་ཅེས་གསུངས་ཡོད་འདུག།།