པ་ཀི་སུ་ཐན་གྱི་གནམ་གྲུ་བརྡབ་སྐྱོན།
ཟླ་འདིའི་ཕྱི་ཚེས་༢༠ ཉིན་པ་ཀི་སི་ཐན་གྱི་རྒྱལ་ནང་དུ་འཕུར་བསྐྱོད་བྱེད་མཁན་གྱི་གནམ་གྲུ་ཞིག་གནམ་ཐང་དུ་འབྱོར་ལ་ཉེ་བའི་སྐབས་བརྡབ་སྐྱོན་བྱུང་སྟེ། འགྲུལ་པ་མང་པོའི་སྲོག་ཤོར་ཡོད་འདུག
དེ་ཡང་གྲོང་ཁྱེར་ཀ་ར་ཆི་ནས་རྒྱལ་ས་ཨི་སི་ལམ་བྷ་ཏ་ལ་སྐྱོད་པའི་བྷོ་ཇ་གནམ་གྲུ་ཞིག་བྷེན་ན་ཛིར་བྷུ་ཊོའི་རྒྱལ་སྤྱིའི་གནམ་ཐང་ལ་སླེབས་ལ་ཉེ་བའི་སྐབས་ཁ་ལོ་ཤོར་ནས་གྲོང་གསེབ་ཅིག་ལ་བརྡབ་ཡོད་པ་དང་། རེས་གཟའ་ཟླ་བའི་ཆུ་ཚོད་༦་༣༠ ཙམ་ལ་གནམ་གཤིས་ཀྱི་རྐྱེན་པས་མཁའ་ལམ་འཛིན་སྐྱོང་ཁང་ལ་འབྲེལ་ལམ་ཆད་ཏེ་གནམ་ཐང་ནས་སྤྱི་ལེ་༡༠ ཙམ་སླེབས་སྐབས་ཁ་ལོའི་སྟངས་འཛིན་མ་ཐུབ་པར་ཧུ་སནྣ་བྷ་ཏའི་གྲོང་གསེབ་ལ་བརྡབ་རྗེས། ཕྲུ་གུ་༡༡ ཚུད་པའི་འགྲུལ་པ་༡༢༡ དང་ལས་བྱེད་༦ བཅས་ཚང་མ་དེ་འཕྲལ་དུ་རྐྱེན་ལམ་དུ་སོང་ཡོད་པ་མ་ཟད། འཕྲུལ་ཆས་རྣམས་སྤྱི་ལེ་གཅིག་ཙམ་སར་གང་སར་དུམ་བུར་འཐོར་ཡོད་སྐོར་ས་གནས་ལས་བྱེད་ཀྱིས་བརྗོད་ཡོད་པ་རེད།
འདས་པའི་ཕྱི་ལོ་༢༠༡༠ ཟླ་བ་༧ པའི་༢༨ ཉིན་པ་ཀི་སི་ཐན་གྱི་རྒྱལ་སའི་ཉེ་འགྲམ་ཞིག་ཏུ་འདི་ལྟ་བའི་གནམ་གྲུ་བརྡབ་སྐྱོན་ཁྲོད་དོན་རྐྱེན་ཞིག་བྱུང་ནས་མི་གྲངས་༡༥༢ རྐྱེན་ལམ་དུ་བཏང་ཡོད་པ་རེད།
གནས་ཚུལ་དེའི་བྱུང་རྐྱེན་གཙོ་བོ་ནི་གནམ་གྲུའི་འཕྲུལ་ཆས་རྙིང་པ་ཆགས་ཡོད་པའི་རྐྱེན་གྱིས་ཡིན་སྐོར་བརྗོད་མཁན་ཡང་བྱུང་ཡོད་པ་རེད།
བྷོ་ཇ་མཁའ་ལམ་ཞབས་ཞུ་ནི་འདས་པའི་ལོ་བཅུ་སྔོན་དཔལ་འབྱོར་གྱི་དཀའ་ངལ་འཕྲད་ནས་སྒོ་བརྒྱབ་ཡོད་ཀྱང་། ཉེ་ལམ་བསྐྱར་དུ་སྒོ་ཕྱེས་པ་ཞིག་ཡིན་འདུག །