རྒྱ་གར་རྒྱལ་ཡོངས་ཀྱི་ཡེ་ཤུའི་ཚོགས་ཆེན་ནང་བོད་དོན་ངོ་སྤྲོད།

ཟླ་འདིའི་ཚེས་༢༣ ཉིན་ནས་ཉིན་བཞི་རིང་འཚོགས་པའི་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ཀྱི་ལོ་བཞི་རེའི་མཚམས་ཀྱི་རྒྱལ་ཡོངས་ཚོགས་ཆེན་གྱི་སྔོན་འགྲོའི་ཚོགས་ཆེན་ཐོག སྤྱི་འཐུས་ཀརྨ་ཡེ་ཤེས་དང་དབྱངས་ཅན་སྒྲོལ་དཀར་གཉིས་འགྲོན་འབོད་གནང་བ་ལྟར། ཚོགས་ཆེན་ཐོག་བོད་དོན་ངོ་སྤྲོད་བྱས་འདུག

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་བཏང་བ་ལྟར་ན། རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ཀྱི་ལོ་བཞི་རེའི་མཚམས་ཀྱི་རྒྱལ་ཡོངས་ཚོགས་ཆེན་གྱི་སྔོན་འགྲོའི་ཚོགས་ཆེན་དེ་འདི་ལོར་རྒྱ་གར་ལྷོ་ཕྱོགས་ཀར་ན་ཊ་ཀ་ (Karnataka) མངའ་སྡེའི་རྒྱལ་ས་སྦེང་ལོར་ (Bangalore) ཁུལ་དུ་འདི་ཟླའི་ཚེས་ ༢༠ ནས་ ༢༣ བར་ཉིན་བཞིའི་རིང་འཚོགས་པ་དང་། འཛམ་གླིང་གི་དཀའ་སེལ་སླད་ཆོས་ལུགས་སྒྲིག་འཛུགས་ཁག་ནས་གདོང་ལེན་བྱ་ཕྱོགས་ཞེས་པའི་བརྗོད་གཞིའི་ཐོག་བགྲོ་གླེང་བྱས་ཡོད་པ་རེད།

ཚོགས་ཆེན་ཐོག་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ཀྱི་ཚོགས་གཞོན་སྐུ་ཞབས་བྷ་སའུ་མོཐ་ཡིས། རྒྱ་གར་བྱང་ཤར་ས་ཁུལ་ཁག་ཅིག་གི་ས་བགོས་བོད་མི་མང་སྤྱི་འཐུས་ཀརྨ་ཡེ་ཤེས་དང་། སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་གཉིས་མགྲོན་འབོད་བྱས་པ་ལྟར། ཕྱི་ཚེས་༢༣ ཉིན་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་གྱིས་བཙན་བྱོལ་ནང་སྤེལ་དང་སྤེལ་བཞིན་པའི་བོད་དོན་ལས་འགུལ་སྐོར་ངོ་སྤྲོད་དང་། དེ་རྗེས་སྤྱི་འཐུས་ཀརྨ་ཡེ་ཤེས་ཀྱིས་བོད་ཀྱི་སྤྱི་ཡོངས་གནས་སྟངས་དང་། ད་སྐབས་བོད་ནང་སྐུ་ལུས་ཞུགས་འབུལ་གྱི་གནས་སྟངས། རྒྱ་གཞུང་གིས་བོད་ཐོག་འཛིན་པའི་མཁྲེགས་བཟུང་གི་སྲིད་བྱུས་ཁག བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས། བོད་ནང་རྒྱའི་མི་སེར་སྤོ་བཞུགས་བྱེད་བཞིན་པའི་སྲིད་བྱུས། བོད་ཡུལ་རྒྱ་ཡུལ་དུ་འགྱུར་བཞིན་པའི་ཉེན་ཁ། ཡེ་ཤུ་ལྷན་ཚོགས་ནས་བོད་ཀྱི་ད་ལྟའི་ཡ་ང་བའི་གནས་སྟངས་ཐོག་རྒྱབ་སྐྱོར་ཡོང་བ་སོགས་དོན་ཚན་འགའ་ཞིག་འཁོད་པའི་གཏམ་བཤད་དང་། ཚོགས་ཐོག་ཤོག་གྲངས་བཞི་ཅན་གྱི་གཏམ་བཤད་དབྱིན་ཡིག་ཐོག་འགྲེམས་སྤེལ་ཞུས་འབྲས་སུ། ཚང་མས་ཐུགས་སྣང་དང་བོད་ཀྱི་ད་ལྟའི་གནས་སྟངས་ཐོག་བགྲོ་གླེང་ཡང་གནང་ཐུབ་པ་བྱུང་ཡོད།

སྤྱི་འཐུས་ཀརྨ་ཡེ་ཤེས་ནས་ད་དུང་བཙན་བྱོལ་བོད་མིའི་སྒེར་གྱི་མྱོང་ཚོར་དང་། བོད་ཀྱི་དཀའ་སྡུག་ནི་འགྲོ་བ་མིའི་གནད་དོན་ཡིན་པ་མ་ཟད། དེ་ནི་བོད་དང་བོད་མིའི་ངོ་བོ་དང་རིག་གཞུང་སྲུང་སྐྱོབ་ཐད་འབྲེལ་བ་ཆེ་བས་གནད་དོན་འདིའི་ཐོག་རྒྱབ་སྐྱོར་ཡོང་བའི་རེ་འདུན་ཡང་ཤུགས་ཆེ་བཏོན་གནང་ཡོད་པ་རེད།

ཚོགས་འདུའི་བརྗོད་གཞི་ཁག་བདུན་ནི། ༡༽ འཛམ་གླིང་ཞི་བདེ་དང་། ཆོས་ལུགས་ལྟ་གྲུབ་འདྲ་མིན་གྱི་ཞབས་འདེགས།
༢༽ ཁོར་ཡུག་སྲུང་སྐྱོབ་ཐད་ཆོས་ལུགས་མི་སྣས་ཞབས་འདེགས།
༣༽ འཛམ་གླིང་གི་དཀའ་སེལ་སླད་ཆོས་ལུགས་མི་སྣས་ཞབས་འདེགས།
༤༽ ཕྱི་གསལ་ནང་གསལ་དང་། འགན་འཁུར་ཚད་ལྡན་ཐད་ཆོས་ལུགས་མི་སྣས་ཞབས་འདེགས།
༥༽ འགྲོ་བ་མིའི་ཐོབ་ཐང་དང་། ཆོས་ལུགས་མི་སྣའི་འགན་འཁུར།
༦༽ དབུལ་ཕོངས་ཀྱི་དཀའ་ངལ་དང་། ཆོས་ལུགས་མི་སྣའི་འགན་འཁུར།
༧༽ བོད་མིའི་དཀའ་སྡུག

མཐར་སྔོན་འགྲོའི་ཚོགས་འདུའི་ཐོག་བཀའ་བསྡུར་ཞིབ་རྒྱས་རྗེས་འཛམ་གླིང་གི་དཀའ་ངལ་འདྲ་མིན་ཐོག་བློ་འཚབ་དང་། མཐའ་མའི་རྒྱབ་གཉེར་བཅས་དོན་ཚན་མང་པོ་སྤྱི་མོས་གཏན་འབེབས་གནང་ཡོད་པའི་ཁོངས་ནས་བོད་དོན་དང་འབྲེལ་བའི་དོན་ཚན་ཁག་གཤམ་གསལ་ལྟར་ཡིན།

༡༽ འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གྱིས་མི་མང་གི་དཀའ་སྡུག་ལ་གཞུང་དང་འབྲེལ་ཡོད་སྒྲིག་འཛུགས་ནས་ངོས་ལེན་མི་བྱེད་པར་ཆོས་དད་དང་། སྤྱི་ཚོགས། དཔལ་འབྱོར། ཆབ་སྲིད་ཀྱི་རང་དབང་ལ་དྲག་གནོན་བྱེད་བཞིན་པར་ངོ་རྒོལ་བྱ་རྒྱུ།
༢༽ བོད་མི་དང་། ཤྲི་ལངྒ་། སྤེ་ལེས་ཊཡན། ནུབ་ཨེ་ཤི་ཡ། ཨ་ཕ་རི་ཀའི་སྐྱབས་བཅོལ་བ་བཅས་རང་དབང་དང་། འགྲོ་བ་མིའི་ཆེ་མཐོང་འཐབ་རྩོད་བྱེད་མཁན་ཚང་མའི་དཀའ་སྡུག་ལ་གདོང་ལེན་བྱ་རྒྱུ།
༣༽ གཞུང་དང་། སྒྲིག་འཛུགས་ཁག་ནས་བོད་ལྟ་བུའི་ཁོར་ཡུག་གི་གནས་སྟངས་ཐད་ཚོར་བརྣོ་བའི་ས་ཁུལ་དང་། ཨ་ཧྥི་རི་ཁ་དང་། ཨེ་ཤི་ཡའི་རྒྱལ་ཁབ་ཁག དེ་བཞིན་མཚོ་དང་མཚོ་ཆུང་ནང་ཤེས་བཞིན་དུ་རྡུལ་ཚོན་རྙིགས་རོ་གང་བྱུང་སྦས་གཡུག་བྱས་དང་བྱེད་བཞིན་པར་ངོ་རྒོལ་བྱ་རྒྱུ།
༤༽ ནུས་སྟོབས་ཆེ་བའི་རྒྱལ་ཁབ་ཁག་ནས་ཉམ་ཆུང་རྒྱལ་ཁབ་དང་། སྤྱི་ཚོགས་ཐོག་བཙན་གནོན་དང་བཤུ་ཞོག་བཏང་དང་གཏོང་བཞིན་པའི་གནས་སྟངས་ཐད། གཞུང་དང་། རྒྱལ་སྤྱིའི་སྒྲིག་འཛུགས་ཁག་ནས་འཆར་གཞི་ལྡན་པའི་ངང་དཔལ་འབྱོར་དང་ཆབ་སྲིད་ཀྱི་ཁེ་ཕན་གཙོ་བཟུང་གིས་ཁ་ཁུ་སིམ་པོར་གནས་ཏེ་གདོང་ལེན་མི་བྱེད་པར་ངོ་རྒོལ་བྱ་རྒྱུ།
༥༽ གཞུང་གི་རྒྱབ་སྐྱོར་ཡོད་པའི་འཇིགས་སྐུལ་བྱ་སྤྱོད་དང་། བཙན་གནོན་བཅས་པར་གདོང་ལེན་ཆེད་སྤྱི་ཚོགས་དང་མི་མང་གི་ལས་འགུལ་ལ་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་བྱ་རྒྱུ།
༦༽ ཞི་བདེ་ལྡན་པའི་འཛམ་གླིང་སའི་གོ་ལ་ཞིག་བསྐྲུན་ཆེད། ཆོས་ལུགས་འདྲ་མིན་གྱི་བསླབ་བྱ་རྣམས་ཕན་ཚུན་སྦྱང་སྤྱོད་དང་ཉམས་ལེན་བྱ་རྒྱུ།
༧༽ རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ནས་རྒྱ་གར་གཞུང་དང་། རྒྱ་ནག་གི་སྐུ་ཚབ་མཉམ་ཞི་མོལ་དང་གྲོས་བསྡུར་གྱི་ལམ་ནས་ལྷོ་ཨེ་ཤི་ཡའི་ནང་ཞི་བདེ་ལྷིང་འཇགས་བསྐྲུན་ཆེད། རྒྱ་ནག་ལ་བོད་ཀྱི་དཀའ་རྙོག་དེ་བཞིན་ཞི་མོལ་ངང་སེལ་དགོས་པ་དང་། བོད་མིའི་སྐུ་ཚབ་མཉམ་གྲོས་མོལ་བྱ་རྒྱུར་ཤུགས་སྣོན་རྒྱག་རྒྱུ།
༨༽ རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ནས་འགྲོ་བ་མིའི་ཐོབ་ཐང་དང་། སྐྱབས་བཅོལ་བ། དེ་བཞིན་ནང་ཁུལ་དཀའ་ངལ་འཕྲད་དེ་སྡོད་གནས་མེད་པའི་མི་རིགས་ཀྱི་དཀའ་སེལ་སླད་དམིགས་བསལ་ཚོགས་ཆུང་ཟུར་འཛུགས་བྱ་རྒྱུ།

གོང་གསལ་བོད་དང་ཐད་ཀར་འབྲེལ་བ་ཡོད་པའི་དོན་ཚན་བརྒྱད་བརྩིས་གཞན་དོན་ཚན་ཁག་ ༣༠ ལྷག་ཙམ་སྔོན་འགྲོའི་ཚོགས་འདུ་ནས་སྤྱི་མོས་གཏན་འབེབས་གནང་ཡོད་པ་རེད།
ཕྱི་ཚེས་ ༢༥ ནས་ ༢༨ བར་ཉིན་བར་ཉིན་བཞིའི་རིང་འཚོགས་པའི་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢༧ པའི་ནང་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་ཟུར་ཉན་གྱི་ངོ་བོའི་ཐོག་ནས་ལྷན་བཞུགས་གནང་ཡོད་པ་དང་། ཕྱི་ཚེས་ ༢༥ ཉིན་རྒྱབ་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ཀྱི་ཚོགས་ཆེན་དབུ་བཙུགས་གནང་བ་དང་། ཕྱི་ཚེས་ ༢༦ ཉིན་ད་ལྟའི་སྔོན་འགྲོའི་ཚོགས་འདུ་འདི་བརྩིས་གཞན་བུད་མེད་དང་། བྱིས་པའི་ཐོབ་ཐང་། གྲངས་ཉུང་མི་རིགས་སོགས་ཀྱི་དཀའ་ངལ་དང་འབྲེལ་བའི་སྔོན་འགྲོའི་ཚོགས་འདུ་ཁག་བདུན་གྱི་རྒྱབ་གཉེར་སྙན་ཐོ་ཚོགས་ཆེན་ཐོག་སྙན་སྒྲོན་གནང་མི་དགོས་པར་སྤྱི་མོས་ངོས་ལེན་གཏན་འབེབས་གནང་ཡོད་པ་རེད།

ཕྱི་ཚེས་ ༢༦ ཉིན་རྒྱབ་དང་། ཚེས་ ༢༧ ཉིན་གང་ཚོགས་ཆུང་ཆ་བགོས་ཀྱིས་སྙན་ཐོ་སོ་སོའི་ཐོག་གྲོས་བསྡུར་གནང་སྟེ། མཐའ་དོན་སྔོན་འགྲོའི་ཚོགས་འདུ་ཁག་གི་རྒྱབ་གཉེར་སྙན་ཐོའི་དོན་ཚན་རེ་རེའི་ཐོག་ཚོགས་ཆུང་སོ་སོའི་ནང་གྲོས་བསྡུར་ ཞིབ་ལྷུག་གནང་ཡོད་པ་རེད། ཕྱི་ཚེས་ ༢༦ ཉིན་སྤྱི་འཐུས་དབྱངས་ཅན་སྒྲོལ་དཀར་ལགས་ཀྱིས་བོད་ཀྱི་ད་ལྟའི་ཛ་དྲག་གནས་སྟངས་སྐོར་སླར་ཡང་ཚོགས་ཆུང་ནང་སྙན་སྒྲོན་གནང་ཡོད་པ་དང་། ཚོགས་ཆུང་གི་ཚོགས་མི་རྣམས་ནས་དེར་གདུང་སེམས་མཉམ་བསྐྱེད་ཤུགས་ཆེ་ཐོབ་ཡོད་པ་རེད། སྐབས་དེར་ཚོགས་ཆུང་ནས་བོད་དོན་ཐད་དེ་སྔའི་སྔོན་འགྲོའི་ཚོགས་འདུའི་གྲོས་ཆོད་ཁག་ལ་རྒྱབ་གཉེར་ཡང་གནང་ཡོད་པ་རེད།

ཚོགས་ཆེན་ཐོག་བོད་ཀྱི་དཀའ་རྙོག་སེལ་སླད་རྒྱ་ནག་ལ་གནོན་ཤུགས་སྤྲོད་རྒྱུ་དང་། ཕན་ཚུན་གྲོས་མོལ་གྱི་ལམ་ནས་སེལ་དགོས་པར་སོང་། རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ནས་རྒྱ་དཀར་ནག་གཉིས་ཀྱི་མི་སྣ་ངོ་མཇལ་དང་འབྲེལ་ཤུགས་སྣོན་རྒྱག་དགོས་པ་དང་། ད་དུང་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ཚོགས་པའི་ངོས་ནས་ཨེ་ཤི་ཡའི་ཡེ་ཤུ་ལྷན་ཚོགས་དང་། འཛམ་གླིང་ཡེ་ཤུ་ལྷན་ཚོགས་སོ་སོར་བོད་ཀྱི་གནད་དོན་ཐད་ཞུ་སྐུལ་གནང་དགོས་པའི་གྲོས་ཆོད་ཀྱང་གཏན་འབེབས་གནང་ཡོད་པ་རེད།

ཕྱི་ཚེས་ ༢༨ ཉིན་ཚོགས་ཆུང་གཞན་གཉིས་ཀྱི་ལས་དོན་སྙན་གསན་ནང་བོད་དོན་སྐོར་གྲོས་ཆོད་སྣོལ་འཇོག་གནང་ཡོད་པས་མ་ཟད། ཚོགས་ཆེན་སྐབས་སྐུ་མགྲོན་གསུང་བཤད་གནང་མཁན་མང་པོས་ནང་ཆོས་སྐོར་སོ་སོའི་གཟིགས་ཚུལ་དང་། བོད་མིའི་འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་བོད་ཀྱི་ཁོར་ཡུག་གནས་སྟངས་ཐོག་བློ་འཚབ་ཤུགས་ཆེ་བཏོན་གནང་ཡོད་པ་རེད།

མཐར་རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ཀྱི་རྒྱུན་ལས་གསར་འདེམས་ལས་རིམ་བསྐྱངས་ཏེ། ཚོགས་ཆེན་མཇུག་བསྡོམས་དང་། རྒྱ་གར་རྒྱལ་ཡོངས་ཡེ་ཤུ་ལྷན་ཚོགས་ཀྱི་ཚོགས་ཆེན་ཐེངས་ ༢༧ པ་རྒྱལ་ཁའི་ངང་གྲོལ་ཡོད་པ་དང་། ད་རེས་ཀྱི་ཚོགས་ཆེན་འདིའི་ནང་རྒྱ་གར་རྒྱལ་ཡོངས་མངའ་སྡེ་ཁག་ནས་ཡེ་ཤུ་ཆོས་ཚོགས་འདྲ་མིན་གྱི་སྐུ་ཚབ་ཚོགས་བཅར་བ་ ༥༠༠ ལྷག་ཙམ་ནས་ལྷན་བཞུགས་གནང་ཡོད་པ་རེད།།