ཨ་རིའི་སྲིད་འཛིན་འོས་མིའི་བོད་དོན་ལ་སེམས་འཚབ།

john mccaineཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་མཱི་ཊི་རོམ་ནཱིས་“བོད་དོན་ལ་སེམས་འཚབ་བྱེད་ཀྱི་ཡོད་པ་དང་། ༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་རེད་”ཅེས་གྲོས་ཚོགས་འཐུས་མི་ཇཱོན་མཱི་ཁེན་གྱིས་གསུངས་འདུག

དེ་ཡང་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་ནས་གནས་ཚུལ་སྤེལ་བ་ལྟར་ན། ཟླ་འདིའི་ཚེས་༡༨ ཉིན་ཐེངས་འདིར་བཀའ་ཁྲི་བློ་བཟང་སེང་གེ་ཨ་རིར་ཕེབས་པ་དང་སྟབས་བསྟུན། ཨ་རིའི་གྲོས་ཚོགས་གོང་མའི་འཐུས་མི་གཉིས་ལ་མཇལ་འཕྲད་གནང་ཡོད་པ་དང་། མ་མཇལ་མ་གནང་བའི་སྔོན་དེར་གསལ་འགོད་ལྷན་ཚོགས་ཤིག་འཚོགས་ཏེ། ཨ་རིའི་གྲོས་ཚོགས་འཐུས་མི་ཇཱོན་ལེ་ཝིན་གྱིས་“བཀའ་ཁྲི་བློ་བཟང་སེང་གེ་ནི་ལོ་རྒྱུས་རང་བཞིན་ལྡན་པའི་མི་སྣ་ཞིག་རེད། ༧གོང་ས་མཆོག་གིས་ཆབ་སྲིད་འགན་དབང་ཡོངས་རྫོགས་མང་ཚོགས་ཀྱིས་འོས་འདེབས་བྱས་པའི་བཀའ་བློན་ཁྲི་པར་རྩིས་སྤྲོད་གནང་བ་རེད། དེར་བརྟེན་བཀའ་ཁྲིས་དབུ་ཁྲིད་པའི་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་གང་ཐུབ་ཞུ་རྒྱུ་ཡིན། དེ་བཞིན་རྒྱ་ནག་གཞུང་གིས་བོད་ནང་གི་བོད་མིར་དམ་དྲག་བྱེད་བཞིན་པའི་སྲིད་ཇུས་མཚམས་འཇོག་དགོས་པར་ང་ཚོས་གནོན་ཤུགས་སྤྲོད་ཐབས་བྱེད་ཀྱི་ཡིན་”ཞེས་གསུངས་འདུག

jon_lobsangབཀའ་ཁྲི་བློ་བཟང་སེང་གེས་“ཨ་རིའི་གྲོས་ཚོགས་གོང་མིའི་ནང་མང་གཙོ་དང་འགྲོ་བ་མའི་ཐོབ་ཐང་རྩོད་ལེན་གནང་མཁན་གྲོས་ཚོགས་འཐུས་མི་གཉིས་ལ་མཇལ་རྒྱུ་བྱུང་བར་དགའ་པོ་བྱུང་། ཁོང་གཉིས་བོད་དོན་ལ་རྒྱབ་སྐྱོར་གནང་མཁན་ཞིག་རེད་ལ། ད་ལྟ་བོད་ནང་གི་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། བོད་ནང་རྒྱ་ནག་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་ཇུས་ལ་ངོ་རྒོལ་ཆེད་བོད་མི་༤༤ ཡིས་རང་ལུས་མེར་སྲེག་གཏོང་དགོས་བྱུང་བ་སེམས་སྐྱོ་དགོས་པ་ཞིག་རེད། ང་ཚོས་རར་ལུས་མེར་སྲེག་གཏོང་མཁན་ཚོར་བརྒྱུད་སྐུལ་བྱེད་ཀྱི་མེད། འགྲོ་བ་མི་ཡིན་པའི་ཆ་ནས་འདྲ་མཉམ་དང་རང་དབང་གི་ཐོབ་ཐང་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད། རྒྱ་ནག་གཞུང་གིས་བོད་མི་ཚོར་འདྲ་མཉམ་གྱི་ཐོབ་ཐང་མ་སྤྲད་པར་བརྟེན། བོད་མི་ཚོས་དེ་འདྲ་བྱེད་དགོས་འབྱུང་གི་ཡོད། རྒྱ་ནག་གཞུང་གིས་བོད་མི་ཚོར་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་བྱས་ན། རང་ལུས་མེར་སྲེག་གི་གནས་ཚུལ་དེ་རང་བཞིན་གྱིས་མཚམས་ཆད་ཀྱི་”རེད་ཅེས་གསུངས་འདུག

mittromneyprofilepicཇཱོན་མཱི་ཁེན་གྱིས་“ཨ་རིའི་སྤྱི་མཐུན་ཚོགས་པའི་སྲིད་འཛིན་འོས་མི་མཱི་ཊི་རོམ་ནཱིས་ བོད་ཀྱི་གནད་དོན་སྐོར་ལ་སེམས་འཚབ་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཁོང་ནི་བོད་དོན་རྒྱབ་སྐྱོར་བ་དང་། ཡང་སྒོས་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་རེད་”ཅེས་གསུངས་ཡོད་པ་རེད།

གསར་འགོད་པས་མཱི་ཊི་རོམ་ནཱི་ལ་འོས་ཐོབ་ན་ཨོ་བྷ་མ་བཞིན་༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུ་ཡིན་མིན་སྐོར་དྲིས་པར།  ཇཱོན་མཱི་ཁེན་གྱིས་“ཁོང་ནི་བོད་དོན་རྒྱབ་སྐྱོར་གནང་མཁན་ཞིག་ཡིན་པས། ༧གོང་ས་མཆོག་ལ་མཇལ་འཕྲད་གནང་རྒྱུར་རེ་སྒུག་བྱེད་བཞིན་ཡོད་པ་རེད་”ཅེས་གསུངས་ཡོད་པ་རེད།

བཀའ་ཁྲི་བློ་བཟང་སེང་གེས་བཀའ་ཁྲིའི་ཐུགས་འགན་བཞེས་རྗེས། གྲོས་ཚོགས་འཐུས་མི་ཁོང་གཉིས་ཀྱིས་མཇལ་འཕྲད་ཐེངས་ཁ་ཤས་གནང་ཡོད་པ་དང་། ཉེ་ཆར་བོད་དོན་རྒྱབ་སྐྱོར་ལ་ཨ་རིའི་གྲོས་ཚོགས་གོང་མའི་ནང་གྲོས་ཆོད་འཇོག་ཐུབ་བྱུང་བ་དང་། ཨ་རིའི་གྲོས་ཚོགས་ནང་སྙན་གྲགས་ཅན་གྱི་འཐུས་མི་གཉིས་ཡིན་པ་རེད།  ཐེངས་འདིའི་མཇལ་འཕྲད་སྐབས། མ་འོངས་པར་ཡང་བོད་དོན་རྒྱབ་སྐྱོར་བྱེད་ཕྱོགས་དང་། གྲོས་ཚོགས་འོག་མའི་ནང་བོད་དོན་གྲོས་ཆོད་ཡོང་ཐབས་སོགས་ལ་བཀའ་བསྡུར་གནང་རྒྱུ་ཡིན་པ་རེད། དེ་བཞིན་བཀའ་ཁྲི་བློ་བཟང་སེང་གེས་ཚེས་༡༩ ཉིན་ཨ་རིའི་གྲོས་ཚོགས་ཚོགས་གཙོ་དང་། ཕྱི་སྲིད་ལས་ཁུངས་ཀྱི་མི་སྣ་ཁག་ཅིག་ལ་མཇལ་འཕྲད་གནང་ཡོད་པ་རེད།།