ཨོ་རྩལ་འགྲན་ཚོགས་ནང་བོད་པར་རྟགས་མ་ཐོབ་པ་ཐོག་མ།
ཟླ་འདིའི་ཚེས་༡༡ དགོང་མོ་ལོན་ཌོན་གྱི་ཨོ་རྩལ་འགྲན་ཚོགས་ཀྱི་བུད་མེད་རྒྱང་རྒྱུགས་ལེ་དབར་ཉི་ཤུའི་རྒྱུགས་ཚད་འདུར་རྒྱུག་འགྲན་སྡུར་ནང་བོད་རིགས་ཆོས་དབྱངས་སྐྱིད་ལ་རྒྱུག་འགྲན་པ་སྤྱི་ཡོངས་ཀྱི་ནང་ནས་ཨང་གསུམ་པའི་རྒྱལ་ཁ་ཐོབ་སོང་།
དངོས་གཞིའི་རྒྱུག་འགྲན་སྐབ་ཆོས་དབྱངས་སྐྱིད་གཞན་དང་མ་འདྲ་བར་གདོང་ལ་འཛུམ་མདངས་ངང་བརྒྱུགས་ཡོད་པ་དང་། རྒྱུག་འགྲན་ངོ་སྤྲོད་པས་མོ་རྒྱུགས་བཞིན་པའི་སྐབས་ཡང་ཆོས་དབྱངས་སྐྱིད་ཀྱི་གདོང་ལ་འཛུམ་མདངས་དང་བཅས་རྒྱུག་བཞིན་ཡོད་པ་རེད་ཅེས་ངོ་སྤྲོད་ཀྱང་བྱས་ཡོད་པ་རེད། དེའི་སྐབས་དབྱིན་ཡུལ་དུ་གནས་སྡོད་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཁོང་མོ་རྒྱུག་སའི་གཞུང་ལམ་འགྲམ་ནས་བོད་ཆས་གྱོན་ཞིང་བོད་ཀྱི་རྒྱལ་དར་དང་། བོད་རིགས་ཕུལ་བྱུང་ལུས་རྩལ་བ་ཆོས་དབྱིངས་སྐྱིད་ལགས་༢༠༡༢ ལོའི་ཨོ་རྩལ་འགྲན་ཚོགས་ལ་ཞུགས་པར་རྟེན་འབྲེལ་དང་རྒྱབ་སྐྱོར་ཞུ་ཞེས་པའི་འཕྲེད་དར་བསྣམས་ཏེ་དགའ་བསུ་ཤུགས་ཆེར་ཞུས་འདུག་པ་མ་ཟད། བོད་རིགས་གནས་སྡོད་ས་ཚང་མའི་བོད་མི་ཚོས་སྔར་དང་མ་འདྲ་བའི་དོ་སྣང་བྱས་ཏེ། བརྙན་འཕྲིན་བརྒྱུད་འགྲན་སྡུར་དེ་བལྟས་ཡོད་པ་རེད།
བརྒྱུད་ལམ་དུ་གནས་ཚུལ་སྤེལ་བ་ལྟར་ན། ཐེངས་འདིའི་འདུར་རྒྱུག་འགྲན་
བོད་རིགས་བུ་མོ་ཆོས་དབྱངས་སྐྱིད་ནི། ཕྱི་ལོ་༡༩༩༠ ཟླ་༡༡ ཚེས་༡༡ ཉིན་བོད་ཨ་མདོ་མཚོ་སྔོན་མཚོ་བྱང་ཁུལ་འདབ་བཞི་རྫོང་། ཝ་མགྱོགས་ཡུལ་ཚོ་མཚོ་བྱང་སྡེ་བ་ཞེས་པ་རུ་སྐྱེས་ཤིང༌། ས་གནས་སློབ་ཆུང་ལོ་རིམ་ལྔ་པ་བར་སོང་བ་དང་། ནུབ་མཚོ་མི་རིགས་བཅའ་སྡོད་སློབ་གྲྭ་རུ་འཛིན་རིམ་བདུན་པའི་བར་བསྐྱོད། དེའི་རྗེས་མཚོ་སྔོན་ཞིང་ཆེན་ལུས་རྩལ་སློབ་གྲྭས་ཆེད་དུ་གདན་ཞུ་བྱས་པ་ལྟར། ༢༠༠༦ ལོར་སློབ་གྲྭ་དེར་འཛུལ་ཞུགས་ཀྱིས་ལུས་རྩལ་ཐོག་དངོས་སུ་སྦྱོང་བརྡར་འགོ་འཛུགས་བྱས།
ཕྱི་ལོ་༢༠༡༠ ལོའི་ཟླ་༧ པར་ཁོ་མོ་རྒྱ་ནག་གི་ལུས་རྩལ་རུ་ཁག་ཏུ་འཛུལ་ཞུགས་བྱས་ཤིང་། ༢༠༡༠ ལོའི་ཟླ་༨ བར་རྒྱ་ནག་ལུས་རྩལ་ཁང་དང་། རྒྱ་ནག་མཆོང་རྒྱུག་མཐུན་ཚོགས། རྒྱལ་སྤྱིའི་མཆོང་རྒྱུག་མཉམ་འབྲེལ་ཚོགས་པ་བཅས་ཀྱིས་རྒྱ་ནག་གི་རྒྱལ་ས་པེ་ཅིང་དུ་བསྡུས་པའི་རྒྱལ་སྤྱིའི་འགྲོ་རྩལ་འགྲན་ཚོགས་སམ་རྒྱལ་ཡོངས་འགྲོ་རྩལ་འགྲན་ཚོགས་ཀྱི་སྤྱི་ལེ་༢༠ ཡི་སྐྱེས་མའི་འགྲོ་རྩལ་འགྲན་སྡུར་ཁྲོད་རྒྱལ་ནང་གི་ཨང་དང་པོ་བླངས་པ་དང་། ༢༠༡༡ ལོར་རྒྱལ་སྤྱིའི་མཆོང་རྒྱུག་འགྲན་སློང་འགྲན་སྡུར་རམ་རྒྱ་ནག་རྒྱལ་ཡོངས་འགྲོ་རྩལ་རྟིང་རྩོད་འགྲན་སྡུར་ཁྲོད་ཨང་གཉིས་པ་བླངས། ༢༠༡༡ ལོར་སྐབས་བཅུ་གསུམ་པའི་འཛམ་གླིང་མཆོང་རྒྱུག་ལེགས་ཐོན་འགྲན་སྡུར་གྱི་སྤྱི་ལེ་༢༠ ཡི་སྐྱེས་མའི་འགྲོ་རྩལ་འགྲན་སྡུར་ཁྲོད་ཨང་ལྔ་བ་བླངས་པ་ཡོད་པ་རེད།།