དྲ་བའི་རིག་གནས་པ་ཚོས་མ་བཀླག་ཚད་མེད་ཀྱི་སྐད་ཆ།
སྙན་ངག་པ་གྲགས་ཅན་སྐུ་ཞབས་ཡུས་ཀང་ཀྲུང་ལ་བཅར་བ།
ཡེ་ཝེས་བཅར། རྨས་མས་བསྒྱུར།
སྒྱུར་པ་པོའི་གཏམ། བཅར་འདྲི་འདི་ནི་རྩོམ་མཁན་ཡེ་ཝེ(叶炜)ལགས་ཀྱི་བརྩམས་ཆོས«འཁྱག་མིག་གིས་རྩོམ་ སྟེགས་ལ་བལྟས་པ་»ལས་བསྒྱུར་ཞིང་། རྩོམ་པ་པོས་ཀྲུང་ཕྱིའི་ཧྭ་ཡིག་རིག་གནས་ཀྱི་ཚབ་མཚོན་པ། མིང་དུ་གྲགས་པའི་སྙན་ངག་པ་ཆེན་མོ་སྐུ་ཞབས་ཡུས་ཀང་ཀྲུང(余光中)ལགས་ལ་བཅར་འདྲི་ བྱས་པའི་ནང་དོན་དག་སྒྲིག་བྱས་པ་ཞིག་རེད།
རྩོམ་འདི་སྒྱུར་སྐབས་བདག་གིས་ངལ་བར་མ་འཛེམ་པར་སྔར་ཡོད་བོད་ཀྱི་ཚིག་མཛོད་དག་ ལ་བསྟུན་ཅི་ཐུབ་བྱས་ཤིང་། དེ་དག་ལས་མ་རྙེད་པའམ་བསྟུན་ཐབས་མེད་པ་དག་ལ་རང་གིས་སྒྱུར་ཐབས་གང་རུང་ཞིག་ སྤྱད་ཡོད་པས། ནོར་འཁྲུལ་ཅི་མཆིས་ཀློག་པ་པོ་དག་གི་སྤྱན་སྔར་འཆགས་སོ།།
•རང་ངོ་སྤྲོད་པ།
༡.གསུམ་ཆའི་གཉིས་ཀྱི་རྩོམ་པ་པོ་དང་གསུམ་ཆའི་གཅིག་གི་རིག་གནས་པ།
ངས་ ཐོག་མར་སྙན་ངག་འབྲི་བ་ནས་འགོ་བརྩམས་ཤིང་ལོ་འགའི་རྗེས་སུ་ད་གཟོད་ལྷུག་རྩོམ་ བྲིས་པ་ཡིན། སྐབས་དེར་ལྷུག་རྩོམ་ནི་ཞོར་ལས་ཤིག་ཏུ་འདོད་ཡོད་མོད་རྗེས་སུ་གཟབ་ནན་གྱིས་ བྲིས་པ་དང་ཀློག་པ་པོ་མང་དག་ཅིག་གིས་ཀྱང་ཡིན་འཇོག་བྱས། དེ་བས་སྙན་ངག་དང་ལྷུག་རྩོམ་གཉིས་ནི་བདག་གི་མིག་གཉིས་ཡིན། གཉི་ཀས་དུས་མཉམ་དུ་བལྟས་ན་ད་གཟོད་ལང་གཟུགས་ཀྱི་འཇིག་རྟེན་ཞིག་མཐོང་ཐུབ། ངས་རང་ཉིད་ལ་དབྱེ་ཞིབ་བྱས་པ་ལྟར་ན། ང་ནི་གསུམ་ཆའི་གཉིས་ཀྱི་རྩོམ་པ་པོ་དང་གསམ་ཆའི་གཅིག་གི་རིག་གནས་པ་ཞིག་རེད། འདིར་རིག་གནས་པ་ཞེས་པའི་ནང་དོན་ག་རེ་ཡིན་ཟེར་ན། དེ་ནི་བདག་གིས་དཔྱད་བརྗོད་འབྲི་བར་མ་ཟད་ལོ་ཙྭའི་ལས་ཀ་ཡང་གཉེར་བས་ཡིན། འདི་གཉིས་གཙོ་བོ་རིག་གནས་པ་ཞིག་གི་སྦྱངས་ཐོབ་ལ་བརྟེན་དགོས་པ་དང་རྩོམ་པ་ པོའི་སྦྱངས་ཐོབ་དང་ཡང་རྒྱང་བཀྱེད་རུང་བ་ཞིག་ག་ལ་ཡིན། ལྷུག་རྩོམ་དང་སྙན་ངག་གསར་རྩོམ་བྱེད་པ་ནི་རྩོམ་པ་པོའི་བྱ་བ་ཞིག་རེད། དེ་བས། ང་རང་རྩོམ་ལུས་འདི་བཞི་བོར་འཇུག་ཚེ་གསར་རྩོམ་དང་ཡོན་ཚད་ཚང་མར་འབྲེལ་བ་ཆ་ཙམ་ རེ་ཡོད་པ་རེད། འོན་ཀྱང་། བདག་གིས་བསམ་ན་གསུམ་ཆའི་གཉིས་ནི་རྩོམ་པ་པོར་འབྲེལ་བ་དང་གསུམ་ཆའི་གཅིག་ནི་ རིག་གནས་པར་འབྲེལ་འདུག་པར་འདོད་ཡོད།
•སྙན་ངག་གི་སྐོར།
༡.སྙན་དེབ་གསར་བ་པར་སྐྲུན་བྱེད་ལ་ཉེ།
༡༩༩༢ ལོར་ང་རང་ཐོག་དང་པོར་ཐེ་ཝན་ནས་རང་རྒྱལ་དུ་ལོག་པ་ཡིན་ལ་ད་ལྟའི་བར་ལོ་ངོ་༡༦ འགོར་སོང་། དེའི་རིང་དཔེ་དེབ་ཉི་ཤུ་ཡས་མས་ཤིག་ཕུད་ཡོད། འདིའི་ནང་དུ་སྣ་ཁ་ཧ་ཅང་མང་སྟེ། འགྱུར་མ་དང་དཔྱད་བརྗོད། ལྷུག་རྩོམ། སྙན་ངག་སོགས་བསྡོམས་ན་མ་མཐར་ཡང་རིགས་ཉི་ཤུ་ལྷག་ཅིག་ཡོད། འདི་དག་ལས་ཁ་ཤས་ཤིག་རྩོམ་སྒྲིག་དང་པར་འདེབས་བྱས་པ་བཟང་ཞིང་ཁ་ཤས་ངན། ད་ལོར་ཡང་ནན་ཅིན་སློབ་ཆེན་དཔེ་སྐྲུན་ཁང་ནས་དཔེ་ཆ་ཞིག་འཕུད་ངེས། རྒྱུ་མཚན་ནི་ང་རང་སློབ་ཆེན་དེའི་གྲོགས་མཆེད་ཡིན། ཁོ་ཚོས་ང་ལ་སྙན་ངག་བཏུས་དེབ་ཅིག་འཕུད་རོགས་བྱེད་ངེས། སྙན་བཏུས་འདི་ནི་གཞེས་བྱེས་ཀྱི་དྲན་གདུང་བརྗོད་སྙིང་བྱས་པ་ཞིག་ཡིན་ཞིང་ཕལ་ ཆེར་ད་ལོའི་ཟླ་ལྔ་པར་པར་སྐྲུན་བྱ་རྒྱུ་རེད། རང་རྒྱལ་གྱི་འཕྲིན་སྦྱོར་ཚང་མས་ང་ལ་སྙན་ངག་པ་ཞེས་འབོད། ཡིན་ནའང་། ཡར་སྔོན་ངས་ཕུད་པའི་དཔེ་དེབ་ཕལ་མོ་ཆེ་ལྷུག་རྩོམ་ཡིན། ད་ལོ་ནས་བཟུང་གཟོད་སྙན་བཏུས་ཇེ་མང་དུ་འགྲོ་བཞིན་ཡོད།
༢﹒《ཡུལ་གདུང》མིང་བྱང་ཞིག་ཏུ་གྱུར་བ།
སྙན་ ངག་འདི་འབྲི་སྐབས་ངས་སྐར་མ་ཉི་ཤུ་ལས་མ་འཛད། དེ་བས་མི་ལ་ལས་བདག་གི་རྩོམ་ནུས་སྐྱེན་པོ་འདུག་ཅེས་བརྗོད་མྱོངས། དོན་དུ་དེ་འདྲ་ཞིག་ཀྱང་མིན་ཏེ། ང་ལ་ཚོར་སྣང་དེ་ཡོད་ནས་ལོ་ངོ་ཉི་ཤུ་འགོར་སོང་ལ་ཉིན་དེར་ངས་ཏག་ཏག་ཚོར་སྣང་ དེ་ཕྱི་རུ་འཕུད་པའི་སྒོ་མོ་ཞིག་རྙེད་སོང་ལས་གཞན་མིན། སྐབས་ཐོག་དེར་ངས་སྙན་ངག་འདི་དེ་འདྲའི་གྲགས་ཆེན་ཞིག་ཏུ་འགྱུར་འགྲོ་བ་ཡིད་ ལའང་མ་ཤར། དངོས་གནས“དམག་མི་ཆུང་བས་བྱས་རྗེས་ཆེན་པོ་བཞག་སོང་།” དེའི་རྐྱེན་གྱིས། ད་ལྟ་ཚང་མས་ང་རང་ཡུལ་གདུང་སྙན་ངག་པ་ཞིག་ཏུ་ངོས་བཟུང་ནས་གང་སར་རྟགས་བྱང་ སྦྱོར་རྒྱུ་ཞིག་ལོབས་འདུག ང་ལ་ད་དུང་སྙན་ངག་གཞན་པ་ཧ་ཅང་མང་སྟེ། དཔེར་ན་གཉེན་དུང་དང་བརྩེ་དུང་། མཛའ་བརྩེ། ད་དུང་མི་སྣ་དང་རི་ཆུ་སོགས་ཡོད་ལ། ཐ་ན་ཏོ་ལུགས་པ་དང་རབ་བྱུང་བ་བྲིས་པ་ཡང་ཡོད། ཡིན་ནའང་། ཀློག་པ་པོ་འབོར་ཆེན་ཞིག་གིས་ང་དང་འབྲེལ་བ་བྱེད་སྤྱད་ནི་སྙན་ངག་དེ་ཁོ་ན་རེད། སྙན་ངག་འདི་ད་ལྟ་བདག་གི་མིང་བྱང་ཞིག་ཏུ་གྱུར་འདུག མིང་བྱང་དེས་བདག་གི་བཞིན་རས་དངོས་བསྒྲིབས་སོང་བས། ད་ནི་མིང་བྱང་ཙམ་ལས་གདགས་གཞི་དངོས་མི་མཐོང་ངོ།།
༣﹒སྐྲག་དགོས་ས་སྙན་ངག་གི་ཉུང་ཚོགས་ཅན་མ་རེད།
རང་ རྒྱལ་གྱི་སྙན་སྟེགས་ལ་ང་རང་རྒྱུས་ཆེན་པོ་མེད། རྒྱུ་མཚན་ནི་རང་རྒྱལ་ལ་སྙན་དེབ་མང་དྲགས་པས་ཡིན། ཆེས་ཐོག་མར་ང་ལ་མཚམས་སྦྱོར་བྱས་པའི་སྙན་ངག་དུས་དེབ་ནི་ཁྲིན་ཏུའུ་ཡི་《སྐར་མ》 ཟེར་བ་དེ་རེད། ཉེ་ཆར་ངའི་སྙན་ངག་འབེལ་པོ་ཞིག་ནན་ཅིན་སྙན་ངག་དུས་དེབ་《ཡང་ཙི་ཆུ་བོ》དང་པེ་ ཅིང་གི་《སྙན་ངག་དུས་དེབ》སྟེང་བཀོད་ཡོད། བཅོས་བསྒྱུར་སྒོ་འབྱེད་བྱས་པ་ནས་རང་རྒྱལ་དུ་དངོས་གནས་སྙན་ངག་གི་གྲུབ་མཐའ་ ནགས་ཀློང་འཁྲིགས་འདྲ་རེད་ཅེས་བརྗོད་ཆོག་པ་འདྲ་ལ། དེ་དག་ལས་ཐོག་མ་ནི་རབ་རིབ་སྙན་ངག་གི་གྲུབ་མཐའ་ཡིན་པ་བཤད་མ་དགོས། རབ་རིབ་སྙན་ངག་པ་ཧྲུའུ་ཐེན་དང་པེ་ཏོ་རྣམ་གཉིས་ངས་རིག་མྱོངས། རབ་རིབ་སྙན་ངག་གི་རྗེས་ནས་སྙན་ངག་གི་གྲུབ་མཐའ་འབོར་ཆེན་པོ་ཞིག་བྱུང་ལ། སོ་སོའི་བཞེད་དགོངས་དང་ཁྱད་ཆོས་ཀྱང་རེ་རེ་ནས་མི་འདྲ་བས། དུས་ཡུན་རིང་པོ་ཞིག་འགོར་ན་ད་གཟོད་མངོན་གསལ་གྱི་ཁ་ཕྱོགས་ཤིག་མཐོང་ཐུབ་པ་ ཡིན། ད་ལྟའི་གནད་དོན་ནི་གྲུབ་མཐའ་ག་འདྲ་ཡིན་པ་དེ་མ་རེད། ཡིན་རྒྱུ་ནི་སྙན་ངག་གི་བས་མཐའ་ཅན་ཏེ། རྩོམ་རིག་གི་ཁྲོམ་ར་ཧྲིལ་བོ་དུས་དར་སྙན་ངག་གི་འཚང་ཁ་དགོད་པས་སྙན་ངག་གཤའ་མ་ ནི་ཉུང་ཚོགས་ཅན་དུ་གྱུར་པ་རེད། ངས་བསམ་ན་ཉུང་ཚོགས་ལ་འཇིགས་དགོས་དོན་མི་འདུག ད་ལྟ་ང་ཚོས་ཐང་རྒྱལ་རབས་གྱི་སྙན་ངག་ལ་ཕྱིར་ལྟས་ཐེངས་ཤིག་བྱས་ན་ངེས་པ་དོན་ གྱི་མང་ཚོགས་ཅན་ཡིན་པ་ཅི་ཙམ་ཡོད། པེ་ཅི་དབྱི་ཡིན་ནམ། ཡང་ན་སུང་རྒྱལ་རབས་ཀྱི་ལུའུ་ཡོང་ཡིན། དེ་ལྟ་ན་ལིས་ཧོས་ཀྲུའུ་ལྟ་བུ་ནི་ཉུང་ཚོགས་ཅན་ཡིན་དེ། ཐང་གི་སྙན་ངག་སུམ་བརྒྱ་བའི་གྲས་སུའང་ཁོ་རང་ཚུད་མེད། ཡིན་ནའང་ལིས་ཧོས་ཀྲུའུ་ཡང་ཁོ་ཚོ་ནང་བཞིན་དེ་རིང་ད་དུང་ང་ཚོས་བརྗེད་མེད་ཨང་། གལ་སྲིད་ཉུང་ཚོགས་ཀྱང་སྲུང་མ་ཐུབ་ན་དེ་ནི་གནད་དོན་ཧ་ཅང་ཆེན་པོ་ཞིག་རེད་ དོ།།
༣﹒སྙན་ངག་པས་རང་ལ་བརྟག་འོས།
སྙན་ངག་གི་རླུང་རྟ་ལ་དར་རྒུད་ཡོད་ པ་རྒྱུན་ལྡན་ཞིག་རེད། མིག་སྔར་བལྟས་ཡོང་ན་སྙན་ངག་གི་རླུང་རྟ་དར་གྱིན་མི་འདུག འདི་ནི་འཕྲིན་སྦྱོར་དང་དཔེ་ཆའི་ཁྲོམ་ར་འདེམས་ཕྱོགས་བཅས་ལ་འབྲེལ་བ་ཡོད་པ་ བཤད་མ་དགོས་མོད། སྙན་ངག་པས་རང་ཉིད་ལ་བརྟག་པ་གང་ལས་ཀྱང་གལ་ཆེ། སྙན་ངག་ལ་མོས་ཁ་མེད་པའི་མི་ཅིའི་ཕྱིར་མང་བ་རེད། རང་གིས་སྙན་ངག་གོ་བདེ་རེ་བྲི་ཨེ་ཐུབ་བལྟ་དགོས་པ་ཡིན་ནམ། གལ་སྲིད་སྔར་བས་ཀྱང་གོ་བདེ་རེ་བྲི་ཐུབ་ན་ཀློག་པ་པོ་དཀྱུས་མས་དང་ལེན་བྱེད་ སླ་བ་རེད། དེ་ལྟར་བྱས་ན་སྙན་ངག་གི་རླུང་རྟ་དགུང་དུ་འཕུར་ཡང་སྲིད། དོན་དངོས་སུ་ད་ལྟའི་སྙན་ངག་གི་གནད་ཆེས་ཆེ་བ་གང་རེད་ཟེར་ན། དེ་ནི་སྙན་ངག་གི་དོ་མཉམ་(诗的平衡)རང་རེད། ངས་འདིར་ཀྲུང་ཀོའི་སྐམ་ས་ཆེན་པོར་ཁོ་ན་ཟེར་བ་མིན། ད་དུང་ཐེ་ཝན་དང་ཞིང་ཀང་། སིང་གྷ་ཕོར་དང་མ་ལེ་ཞི་ཡའི་ཧྭ་མིའི་སྙན་ངག་པ་སོགས་ལ་ཟེར་བ་ཡིན། དུས་རབས་སྔོན་མའི་ལོ་རབས་ཉི་ཤུ་བའི་སྐབས་སུ་ཟླ་གསར་གྲུབ་མཐའ(新月派)་ནི་ཚིག་ བཐད་སྙན་ངག་ཡིན། ཚིགས་བཅད་སྙན་ངག་བྲིས་ཀྱིན་བྲིས་ཀྱིན་གནད་དོན་ཞིག་ཡོད་པ་འདྲ། དེ་ནི་གྲལ་འགྲིག་ཆེ་བས་རེད། གྲལ་འགྲིག་ཆེ་ན་གསོན་ཤུགས་བོར་འགྲོ གྲལ་འགྲིག་པ་ཚད་ལས་བརྒལ་ན་འགྱུར་བག་ཁེགས་འགྲོ་བ་རེད། འདི་ནི་ཚིགས་བཅད་ཀྱི་གནད་དོན་རེད། དེ་བས་ལོ་རབས་སུམ་ཅུ་བར་རང་མོས་སྙན་ངག་དར། རང་མོས་སྙན་ངག་ནི་ཚིགས་བཅད་སྙན་ངག་གི་ཚད་ལས་བརྒལ་བའི་“དབྱངས་ཀྱི་རིག་གནས”ལས (韵文化)ཕྱིར་མཆོངས་ཏེ་རང་དབང་ཐོབ་པ་ཞིག་ཡིན། འོན་ཏེ། ཕྱོགས་གཞན་ཞིག་ནས“དབྱངས་ཀྱི་རིག་གནས”ཁྲོད་ནས་ཕྱིར་ཐོན་མ་ཐག་སླར་ཡང་“ལྷུག་ མའི་རིག་གནས” (散文化)ཁྲོད་དུ་མཆོངས་སོང་བ་རེད། གནད་ཀ་གཙོ་བོ་འདི་ན་ཡོད། དེའི་རྐྱེན་གྱིས་ད་ལྟའི་སྙན་ངག་པས་ཕྱོགས་གཅིག་ནས་གྲལ་འགྲིག་དྲགས་པའི་ཚིགས་ བཅད་དང་དབྱངས་ཀྱི་རིག་གནས་ལ་ཇི་ལྟར་སྔོན་འགོག་བྱ་བར་འདང་རྒྱག་དགོས་པ་དང་ ཕྱོགས་གཞན་ཞིག་ནས་འཐོར་ཆེས་པའི་ལྷུག་མའི་རིག་གནས་ཀྱང་ཇི་ལྟར་རྒྱང་དུ་འདོར་ བར་སྟ་གོན་བྱ་དགོས། གལ་སྲིད་དོ་མཉམ་ཐུབ་པ་ཡིན་ན། གལ་སྲིད་གྲལ་འགྲིག་ཀྱང་འགྱུར་བག་དགོད་ན། གལ་སྲིད་འགྱུར་བག་དགོད་ཀྱང་གོ་རིམ་མི་འཁྲུགས་ན། དེ་ནི་གནད་འགག་ཡོད་ཚད་ལས་རྒྱལ་བ་རང་རེད། ང་ཚོས་དོ་མཉམ་བྱེད་མ་ཐུབ་ན་སྙན་ངག་གི་རླུང་རྟ་མུ་ནས་མུ་རུ་རྒུད་འགྲོ ཆུང་ས་ནས་བཤད་ན་སྙན་ངག་པ་རེ་འགའི་སྙན་དེབ་མི་བྲིན་པ་སྟེ་ཀློག་པ་པོ་མེད་པ་ དང་། ཆེ་ས་ནས་བཤད་ན་སྙན་ངག་གི་ཚེ་སྲོག་འགག་ངེས།
༤﹒མིག་སྔར་སྙན་ངག་གི་རྫོགས་ལྡན་དུས་རབས་བསླེབ་མི་སྲིད།
མ་ འོངས་པར་སྙན་ངག་གི་རྫོགས་ལྡན་དུས་རབས་བསླེབ་སྲིད་མོད་མིག་སྔར་བསླེབ་པའི་རེ་ བ་ཧ་ཅང་ཉག་ཕྲ་བའམ་ཕལ་ཆེར་བསླེབ་མི་སྲིད་པ་ཞིག་རེད། ད་ལྟ་རིག་གནས་ཀྱི་ལས་རིགས་ཧྲིལ་བོ་གནད་དོན་མང་པོར་ཕྲད་ཡོད། རྒྱུ་མཚན་ནི་དྲ་བས་དཔེ་ཀློག་གི་བར་སྟོང་གཞན་ཞིག་ཕྱེས་པས་ཚང་མས་ཚགས་ཤོག་དང་ དུས་དེབ་མི་ཀློག་པ་ཞིག་ཆགས་ཡོད། དྲ་བའི་སྒང་ནས་རྩོམ་སྒྲིག་པའི་འདོར་ལེན་སོགས་གང་ཡང་མི་དགོས་པར་སྐྱེ་བོ་རེ་ རེས་རང་འདོད་ཀྱིས་རྩོམ་ཡིག་སྤེལ་ཆོག་རྐྱེན། སྙན་ངག་གི་ཚད་ཐིག་ཟེར་བ་གང་ན་ཡོད། འདི་ནི་གནད་དོན་ཞིག་རེད་ལ་སྙོམས་ངོས་འཕྲིན་སྦྱོར་དང་དྲ་བ་གཉིས་ཀྱི་འབྲེལ་ ཐག་ཆད་པ་ལྟ་བུའི་སྣང་ཚུལ་འདི་ཡང་གནད་དོན་ཞིག་ཅི་ལ་མིན། ད་དུང་རྩ་བའི་གནད་དོན་ཞིག་ནི་ད་ལྟ་ང་ཚོའི་ཀློག་མཁན་ཇེ་ཉུང་དང་། ལྟ་མཁན་དང་ཉན་མཁན་ཇེ་མང་དུ་འགྲོ་བཞིན་པ་འདི་རེད། ཁོ་བོས་ཀློག་པ་པོ་ཞིག་བྱེད་པ་ནི་ལྟ་མཁན་དང་ཉན་མཁན་ཞིག་བྱེད་པ་ལྟ་བུའི་ལས་ སླ་མོ་ཞིག་མིན་པར་འདོད། རྒྱུ་མཚན་ག་རེ་ཡིན་ཟེར་ན། ཀློག་པ་པོ་ཞིག་ཡིན་ན་དེ་ལ་སྐད་ཡིག་གི་སྦྱངས་ཐོབ་ངེས་ཅན་ཞིག་དགོས། ཁོས་སྐད་ཡིག་ལ་བརྟེན་ནས་བརྩམས་ཆོས་བཀླག་དགོས། སྐད་ཡིག་ནི་མཚོན་རྟགས་སྤྱི་མཚན་པ་ཞིག་གིས་ཉམས་མྱོང་རང་མཚན་པ་ཞིག་སྟོན་པ་ ཡིན་པས་གང་དེའི་སྐད་ཡིག་གི་ཆུ་ཚད་ཧ་ཅང་མཐོ་དགོས། སྐད་ཡིག་གི་ཆུ་ཚད་ནི་ཡི་གེ་ཤེས་པའི་མང་ཉུང་ཙམ་ལ་ཟེར་བ་གཞར་ཡང་མིན། དེ་ནི་དྲངས་པའི་གཏམ་རྒྱུད་ཤེས་མི་ཤེས། ལྟག་གི་རྒྱབ་ལྗོངས་རྟོགས་མི་རྟོགས། ཕྲད་པའི་མཚོན་བྱེད་དང་ཤུགས་བསྟན་དག་ཁྲོལ་མི་ཁྲོལ་སོགས་ལ་ཟེར་གྱིན་ཡོད། དེ་བས་འདི་ནི་ཀློག་པ་པོ་ཞིག་ལ་རེ་བ་ཅུང་མཐོན་པོ་བཟུང་བ་ཡིན། ཀློག་པ་པོས་འདི་ལྟ་བུའི་སྤྱི་མཚན་པའི་སྐད་ཡིག་བརྒྱུད་ནས་སྐད་ཡིག་ལྟག་རྒྱབ་ ཀྱི་ཉམས་མྱོང་འཛིན་ཐུབ་པས་དེ་ནི་དཀྱུས་མའི་ཉན་མཁན་ཞིག་དང་བསྡུར་ཐབས་ཡེ་ནས་ མེད་ལ། ལྟ་མཁན་དཀྱུས་མ་ཞིག་ཟློས་གར་གླིང་ངམ་བརྙན་འཕྲིན་མདུན་ནམ། གློག་ཀླད་སྔོན་དུ་ཙོག་འདུག་པའང་ཅི་བས་ཀྱང་སླ་བའི་ལས་ཤིག་གོ།། བསྡུར་ཡོང་ན། ཉན་མཁན་དང་ལྟ་མཁན་ཞིག་བྱེད་པ་ནི་ཅུང་གཞན་སྐུལ་ཅན་ཞིག་ཡིན་ལ། ཀློག་མཁན་ཁོ་ན་ནི་ཅུང་རང་འགུལ་ཡིན་ཏེ། དེས་ཀླད་ཤུགས་མང་པོ་འཛད་་ཅིང་རྟོག་འགོད་ཀྱི་ནུས་པ་ཆེ་རུ་བསྐྱེད་དགོས་པས་ སོ།། ཁྱེད་ཀྱིས་བརྙན་འཕྲིན་ལ་ལྟ་སྐབས། སུང་བོའུ་ཁུང་ཐོན་ཐལ། ཀྲོའུ་པ་ཅེ་ཐོན་ཐལ། དེ་དག་ཁྱོད་ཀྱི་མདུན་ན་གཟུགས་སྣང་གིས་མངོན་ཡོད་པ་མིན་ནམ། འོན་ཀྱང་ཁྱོད་ཀྱིས་ཡི་གེར་བརྟེན་ནས་ཀྲོའུ་པ་ཅེ་ཅི་འདྲ་ཞིག་ཡིན་པ་དང་སུང་ བོའུ་ཁུང་གིས་འདྲེ་ལྡོག་ཅི་ལྟར་རྒྱག་པར་བལྟ་དགོས་ཚེ་སྔར་བས་ཀྱང་གོ་བ་དང་ རྟོག་འགོད་ནུས་པ་ཆེ་རུ་བསྐྱེད་དགོས།
༥﹒ཨོ་སི་ཝེ་ཤིན་གྱི་རྗེས་ནས་སྙན་ངག་མེད་སོང་བ་མ་མཐོང་།
ཨོ་ སི་ཝེ་ཤིན(奥斯威辛)①གྱི་རྗེས་སུ་སྙན་ངག་མེད་སོང་བ་མ་མཐོང་། ད་ལྟ་ད་དུང་སྙན་ངག་ཡོད་པ་ཡིན་ནམ། ད་ལྟ་ད་དུང་སྙན་ངག་འབྲི་བ་དང་སྙན་ངག་ཀློག་མཁན་ཡོད་པར་མ་ཟད་སྙན་ངག་གྱེར་ འདོད་གྱི་བྱེད་སྒོ་སྤེལ་མཁན་ཡང་ཡོད་པ་མིན་ནམ། མིའི་རིགས་ཀྱི་ཆག་སྒོ་གཅིག་རྗེས་གཉིས་མཐུད་ཡིན་མོད། མིའི་རིགས་ཀྱི་སྙིང་སྟོབས་ལ་ཞུམ་པ་མེད། ཤི་ཡང་གསོན་པར་རེ་ཞིང་ཕམ་ཡང་བསྐྱར་ཏུ་རྒོལ་བ་སྟེ་ཧེ་མེན་ཝེ་ཡི་《བགྲེས་སོང་ དང་རྒྱ་མཚོ》ནང་བཞིན་ཐང་དུ་བསྒྱེལ་ཀྱང་ཕམ་ངོས་ལེན་མི་སྲིད། ང་ཚོས་ཆག་སྒོ་རབ་དང་རིམ་པ་ཞིག་བརྒྱུད་མྱོངས། རིག་གསར་སྐབས་སུ་ང་ཚོས་ཉིན་ཞིག་ལ་རྩོམ་རིག་ཟེར་བ་ཞིག་འབྱུང་བར་རྟོག་འགོད་ བྱེད་ནུས་སམ། ཡིན་ནའང་དེ་རིང་རྩོམ་རིག་དངོས་སུ་ཡོད་པ་མིན་ནམ། དབྱིན་ཇིའི་དྭངས་གཙང་ཆོས་ལུགས་ཀྱི་གསར་བརྗེའི་སྐབས་སུ་ཡང་དྭངས་གཙང་ཆོས་ ལུགས་ཀྱིས་ཟློས་གར་ལ་ངོ་རྒོལ་བྱེད་པ་རེད། དེ་བས་དབྱིན་ཇི་རུ་ལོ་ངོ་བཅོ་བརྒྱད་ལ་ཟློས་གར་གང་ཡང་འཁྲབ་སྟོན་བྱེད་མ་ཐུབ་ པར་མཚམས་བཅད་པ་རེད། ཡིན་ནའང་རྗེས་སུ་སླར་ཡང་བསྐྱར་གསོ་བྱས་པ་མ་ཡིན་ནམ། འདི་ནི་མིའི་རིགས་ཀྱི་རིན་ཐང་གཞལ་དུ་དཀའ་བའི་རིག་གནས་རེད།
•ལྷུག་རྩོམ་གྱི་སྐོར།
༡﹒སྙན་ངག་གི་བྲོ་བས་བརྟས་པའི་མཚར་ཉམས།
ངའི་ སྙན་ངག་གི་ནང་དུ་མཚར་ཉམས་ཡོད། ལྷུག་རྩོམ་གྱི་ནང་དུའང་ཡོད། ལྷུག་རྩོམ་ཁ་ཤས་ཤིག་གི་བརྗོད་བྱ་ཧྲིལ་བོ་མཚར་ཉམས་ཀྱིས་བཀང་ཡོད་ལ། ཡང་ཁ་ཤས་ལ་ཚན་པ་རེའམ་ཚིག་དུམ་རེ་ལས་དམིགས་བསལ་གྱི་མཚར་ཉམས་ཐོན་མེད། ངས་བསམ་ན་མཚར་ཉམས་ནི་རང་བྱུང་གི་མངོན་སྟངས་ཤིག་ཡིན་འོས། མཚར་ཉམས་ནི་ཕུན་སུམ་ཚོགས་པའི་རྟོག་འགོད་གྱི་ནུས་པའི་སྟེང་མཚར་འཚིན་གྱི་ སེམས་ཁམས་བསྣན་ཏེ། ཆེས་བདེ་ཐང་དང་གཡེར་བག་གི་ངང་ནས་རང་བྱུང་གིས་མངོན་ཡོང་བ་ཞིག་ལས་བློ་རྩེ་ བསྒྲིམས་ནས་ཆེད་དུ་དམིགས་ཏེ་ཡོང་བ་ཞིག་གཞར་ཡང་མ་རེད། དེ་བས་མཚར་ཉམས་གཏོད་ན་བློ་རྩེ་བསྒྲིམ་མི་རུང་ཞེས་ཁོ་བོས་བཤད་ཀྱང་མྱོང་། ཆན་ཀྲུང་ཧྲུའུ(钱钟书)་འདི་མི་མཚར་བོ་ཞིག་ཡིན། ཁོས་རྩོམ་པ་པོ་གྲགས་ཆེན་གཉིས་ལ་སྐྱོན་བརྗོད་བྱེད་པ་རེད། གཅིག་ནི་ལུའུ་ཞུན་རེད་དེ་ཁོ་རང་གཟབ་ནན་བྱེད་རྒྱུ་མང་དྲགས་འདུག་ཟེར། གཉིས་ནི་ལེན་ཡུས་ཐང(林语堂)་ཡིན་ལ་ཁོ་རང་ལྡོག་སྟེ་མཚར་ཉམས་བཏོད་ཆེ་འདུག་ཟེར། ཆན་ཀྲུང་ཧྲུའུ་ཡི་ལྷུག་རྩོམ་ནང་དུ་ཡང་ནམ་ཞར་མཚར་ཉམས་ཡོད་ལ། <<གཟེབ་དྲའི>>(围城)ནང་དུའང་དེ་བཞིན་བྲིས་ཡོད། ངས་བསམ་ན་རྩོམ་པ་པོ་གྲགས་ཆེན་ཞིག་ལ་མཚར་ཉམས་དགོས་པའི་ངེད་པ་མེད། ཡིན་ནའང་དགོས་བྲོའི་ཉམས་ཅན་གྱི་རྩོམ་པ་པོར་ལྷག་ཏུ་དགའ། རྒྱུ་མཚན་ནི་རླབས་ཆེན་གྱི་རྩོམ་མཁན་དང་སྒྱུ་རྩལ་པ་གྲགས་ཅན་ཚོ་ལའང་མཚར་ཉམས་ མི་འདུག ངས་ཧྥན་ཀོ(梵高)ལགས་ལ་མཚར་ཉམས་ཆེར་ཡོད་པ་མ་མཐོང་མོད་ཁོ་རང་སྔར་བཞིན་སྒྱུ་རྩལ་ པ་ཆེན་མོ་ཡིན། དེ་བཞིན་དུ་ཐོར་སི་ཐེ(托尔斯泰)དང་ཞི་ལེ(雪莱)་ལ་ཡང་མཚར་ཉམས་ཆེར་མེད་མོད། ཁོ་ཚོ་སྒྱུ་རྩལ་པ་དང་རྩོམ་པ་པོར་འགྱུར་བར་སྔར་བཞིན་འགལ་རྐྱེན་གང་ཡང་བཟོས་ མེད། ཕལ་ཆེར་དགོད་བྲོའི་ཉམས་སྣང་ཅན་གྱི་རྩོམ་པ་པོའི་ཐུགས་གཞན་ལས་ཡང་བ་འདྲ།
༢.སྙན་ངག་དང་ལྷུག་རྩོམ་གྱི་ཁྱད་པར་ལྟོས་མེད་མིན།
སྙན་ ངག་དང་ལྷུག་རྩོམ་ལ་ཁྱད་པར་ཆེན་པོ་ཡོད། ཡིན་ནའང་ལྟོས་མེད་མིན། ཆེ་ས་ནས་བཤད་ན་སྙན་ངག་གི་ཡིད་འགྱུར་མཚོན་སྟོབས་ཆེ་ཞིང་ལྷུག་རྩོམ་གྱིས་སྐབས་ རེར་གནས་ལུགས་བརྗོད་ལ་སྐབས་རེར་དཔྱད་བསྡུར་བྱེད་པར་མ་ཟད་དོན་གྱི་བྱུང་བའང་ བརྗོད་ཆོག ལྷུག་རྩོམ་གྱི་བཀོལ་རྒྱ་སྙན་ངག་ལས་ཆེ་ས་རེད་མོད། སྙན་ངག་གི་དྲག་ཚད་ལྷག་ཏུ་ཆེ། སྙན་ངག་གི་ཡིད་འགྱུར་མཚོན་སྟོབས་ཅུང་ཆེ་བའི་ཁར་ཚིག་ཉུང་དོན་འདུས་རང་ཡིན་པས། ཡིད་འགྱུར་མཚོན་སྐབས་ཅུང་མྱུར་ལ་དྲག་པོ་ཡིན། ལྷུག་རྩོམ་ནི་ལྟོས་བཅས་ཀྱིས་རིང་ཞིང་རྗོད་པ་ཅུང་རྙོག་འཛིང་ཅན་ཡིན་ཆོག དཔེར་ན་སུའུ་ཏོང་ཕོ(苏东坡)ཡི་ཁྲི་པིས་ཧྥུའུ(赤壁赋)②སྟོད་སྨད་གཉིས་ཀ་རྩོམ་ཡག་རེ་ ཡིན་པ་བཤད་མ་དགོས་མོད། མཐར་གཏུགས་ན་ཁོས་ཀྱང་ཀློག་པ་པོ་དང་གསལ་པོ་གསལ་རྐྱང་གི་རིག་པའི་་འབྲེལ་བ་ ཞིག་བཙུགས་བཙུགས་ཏུ་ཡོད་པར་མ་ཟད་ཁོས་དངོས་ཡོད་ཀྱི་ཆ་དེར་གསལ་བཤད་བསྐྱོན་ དགོས། དངོས་ཡོད་དངོས་ཡོད་ཟེར་བ་ནི་ཡུལ་དང་དུས་ཀྱིས་གྲུབ་པའི་ཆ་ཞིག་ཡིན། དེའི་རྐྱེན་གྱིས་ཁྲི་པིས་ཧྥུའུ་སྟོད་ཆ་རུ“ཆུ་ཁྱི་ལོའི་སྟོན་ཀ་སྟེ། བདུན་པའི་ཚེས་དྲུག་ཉིན”གྱི་དུས་དེར་“ཁྲི་པིས་ཡི་འགབ་ན་སུའུ་ཧྲི་དང་ཁོ་ཡི་ གྲོགས་པོ་གྲུ་ཆུང་ལ་བསྡད་ནས་སྤྲོ་གསེང་གཏོང་།”ཞེས་གསལ་བཤད་ཅིག་བྱས་རྗེས་ གཟོད་ཚོ་མིན་ཏི(曹孟德)ཅི་འདྲ་ཞིག་ཡིན་པ་བྲི་རྒྱུ་དྲན་ཞིང་། མཐའ་མ་སླར་ཡང་དངོས་ཡོད་ཀྱི་ཁམས་སུ་ཐོན་བྱུང་། ཁོའི་སྒྲོམ་གཞི་འདིར་དངོས་ཡོད་ཀྱི་ཉམས་སྣང་ཞིག་གང་དུའང་མངོན་འདུག ཡིན་ནའང་ཁོས་ཚྰི(词)③འམ་སྙན་ངག་བྲིས་པ་དེ་དང་གཏན་མི་འདྲ་སྟེ“ལོ་ངོ་སྟོང་ཕྲག་ རིང་གི/དཔའ་མཛངས་ཅན་གྱི་མེས་པོ་དག/འབྲུ་ཆུའི་དྲག་ཏུ་འབབ་པའི་རླབས་རྒྱུན་ གྱིས་འཁྱེར”ཞེས་སྐད་ཅིག་དེ་ཉིད་ལ་ཚོར་བའི་གཏིང་དུ་མཆོངས་སོང་། དེ་བས་ཡིད་འགྱུར་མཚོན་འདོད་སྙན་ངག་སྤམ་ཞིང་དོན་དག་བརྗོད་འདོད་ལྷུག་རྩོམ་ འགབ་པར་སྙམ། གལ་ཏེ་ཁྱོད་རང་ལྗོངས་རྒྱུར་སོང་ནས་སྙན་ངག་འབྲི་ན། ཉ་གེ་ཉོག་གེའི་དོན་དག་ལུང་གང་བཤད་མི་རིགས། ལྷུག་རྩོམ་འབྲི་ན་ཕར་དཀྱོག་ཚུར་དཀྱོག་མང་ཙམ་བྱས་ཏེ་དོན་དག་ཅུང་གསལ་བོར་འཤད་ ཀྱང་མི་སྐྱོན། དེ་གཉིས་ཅུང་མི་མཐུན་པར་སྣང་། དེས་ན་ང་རང་ཉིད་ལའང་སྐབས་རེར་དེ་འདྲའི་ཉམས་མྱོང་ཞིག་ཡོད་དེ། སྙན་ངག་བྲིས་རྗེས་དོན་དག་མང་པོ་ཞིག་ད་དུང་འབྲི་དགོས་ཡོད་པར་སྙམ་ཚེ་ལྷུག་ རྩོམ་གྱིས་སླར་ཡང་ཐེངས་གཅིག་བྲིས་པ་ཡིན།
༣.ལོ་ངོ་ཉི་ཤུའི་ལྷུག་རྩོམ་གྱི་ཚ་རླབས།
བཅོས་ བསྒྱུར་སྒོ་འབྱེད་བྱས་པའི་དྲིན་གྱིས་ལོ་ངོ་ཉི་ཤུ་འདིའི་ནང་རང་དབང་ངང་གསར་ རྩོམ་བྱེད་པའི་ཁོར་ཡུག་ཅིག་ཡོད་པ་སྨོས་མ་དགོས། དུས་མཚུངས་སུ་བདེ་ཐང་དངོས་བྲིས་ཡིན་དགོས་སྤྱི་ཚོགས་རིང་ལུགས་ཅན་ཡིན་དགོས་ སོགས་སྔར་གྱི་འགྲོ་ལུགས་དེར་ཡང་དེ་འདྲ་དང་དོད་མི་བྱེད་པས་རྩོམ་པ་པོར་རང་ ནུས་རྩལ་འདོད་བྱེད་སའི་ཁོར་ཡུག་གྱ་ནོམ་པ་ཞིག་བདོག ཉེ་ཆར་ཧོ་རན(浩然)སྐུ་གཤེགས་སོང་། ཧོ་རན་ནི་སྒྲུང་གཏམ་རྩོམ་པ་པོ་ཞིག་ཡིན། ལོ་རབས་དེར་ཁོ་ནི་འགྲན་ཟླ་བྲལ་བའི་“མཁས་དབང”ཞིག་ཡིན་མོད་ད་ལྟ་ཕྱིར་རྟོག་ བྱས་ན་དེ་འདྲ་ཞིག་ཀྱང་མ་རེད། ལོ་རབས་དེར་ཆེས་དགའ་བསུ་ཐོབ་པའི་ལྷུག་རྩོམ་མཁན་གཉིས་ནི་ཕལ་ཆེར་ཆིན་མོའུ(秦牧) ་དང་ཡྰང་ཧྲོའོ(杨朔)གཉིས་རེད། ཁྱད་པར་དུ་ཡྰང་ཧྲོའོ་ལགས་ཀྱི་བརྗོད་སྙིང་ཡང་དག་ཅིང་སྐད་ཆ་གོ་བདེ། འདི་ལྟ་བུའི་ལྷུག་རྩོམ་ལ་ནི་དུས་སྐབས་དེར་ཅུང་ཚབ་མཚོན་རང་བཞིན་ལྡན་པ་རེད། ད་ཆ་ཀློག་མཁན་རྣམས་འདི་འདྲའི་ལྷུག་རྩོམ་གྱི་རྣམ་པ་འབའ་ཞིག་ལ་ཡིད་མ་ཚིམས་པར་ རྐྱེན་བྱས་ཏེ་ཡི་ཆོའུ་ཡི(余秋雨)་ལགས་ཀྱི་རིག་གནས་ལྷུག་རྩོམ་རིང་མོ་བྱུང་ལ། ཆན་ཀྲུང་ཧྲོའུ་ཡི་མཆིས་བྲང་ཡྰང་ཅྰང(杨绛)ལགས་ཀྱི་འཚོ་བའི་བརྩེ་ཞེན་གྱིས་ཕྱུག་ པའི་ལྷུག་རྩོམ་དག་ཀྱང་ཀློག་པ་པོས་དང་ལེན་བྱེད་ཀྱིན་ཡོད། ལོ་ངོ་ཉི་ཤུ་འདིའི་རིང་གི་ལྷུག་རྩོམ་མང་པོ་ངས་བཀླགས་མེད། ངས་བཀླགས་པ་རྣམ་ཀྱང་ཏག་ཏག་རང་རྩོམ་བཀོད་པའི་ལྷུག་རྩོམ་དུས་དེབ་དེ་དག་ཡིན། དོན་དངོས་སུ་དུས་དེབ་ཆེ་གྲས་ཕལ་མོ་ཆེར་ལྷུག་རྩོམ་ཡོད་དེ། ཧྲང་ཧེ་ཡི་《ལོ་ལེགས》 དང་ཧོས་ནན་གྱི་ 《རྩོམ་རིག་སྨྲ་བ》ལྟ་བུའོ།། ང་རང་རྒྱུས་ཅུང་ཙམ་ཡོད་པ་ནི་ཧྲང་ཧེ་ཡི་ཀྲུའུ་ཙི་ཞུང(周泽雄)གི་ལྷུག་རྩོམ་ཡིན། ཁོའི་གཞུང་ལུགས་ལྟ་བའང་ཁྱད་མཚར་ཅན་ཞིག་ཡིན། ད་ལྟ་ཐེ་ཝན་དུ་ཆེད་ལས་ལྷུག་རྩོམ་ཇེ་མང་དུ་འགྲོ་བཞིན་ཡོད། ཅི་ཞིག་ལ་ཆེད་ལས་ལྷུག་རྩོམ་ཟེར་ཞེ་ན། དེས་ནི་ལས་རིག་ག་གེ་མོ་ཞིག་འབྲི་བ་ཡིན། དཔེར་ན་ཡུལ་སྐོར་གྱི་སྐོར་ནས་འབྲི་མཁན་མང་པོ་བདོག་ཅིང་ཆེད་དུ་བུད་མེད་ཀྱི་ འཇིག་རྟེན་འབའ་ཞིག་འབྲི་བ་ཡང་ཡོད། འདི་ལྟ་བུའི་ལྷུག་རྩོམ་དང་བརྩམས་སྒྲུང་ནི་ཀྲུང་ཀོའི་སྐམ་ས་ཆེན་པོའི་དུས་ དེབ་སྟེང་ནས་ཀྱང་རིག་ཐུབ།
༤.བརྡ་རྙིང་འཚོ་བ་དང་དམ་དུ་འབྲེལ།
དེ་ལས་ གཞན་དུ་ཀློག་པ་པོ་དག་གིས་བརྡ་རྙིང་ཉུང་ཙམ་རེ་ཡང་ངེས་དགོས། དེ་ལྟར་བཤད་ཚེ་མི་རེས་ལོ་ངོ་བརྒྱ་ཡི་སྔོན་ནས་མེད་པར་བཟོས་པའི་རྩོམ་རྙིང④དེ་ དག་ང་ཚོ་དང་འབྲེལ་བ་ཅི་ཡོད་ཅེས་དྲི་ན་ཐང་མོད། དེ་ལྟར་སླ་མོ་བྱེད་ཆོག་པ་ཞིག་ཀྱང་མ་རེད། ངས་ནམ་རྒྱུན་གཏམ་བཤད་བྱེད་སྐབས་ཉན་མཁན་ཚོ་ལ་འདི་ལྟར་འདྲི་བཞིན་ཡོད། ཁྱོད་ཀྱིས་སྙོམས་འགྱུར་སྡེབ་སྦྱོར(平仄)⑤ཁྱོད་དང་འབྲེལ་བ་ཡོད་པར་འདོད་དམ་ཞེས་ དྲིས་ཚེ། ཁོས་དེ་ང་དང་འབྲེལ་བ་ཅི་ཞིག་ཡོད་པ་རེད། ངས་ཆ་ཡིག་ནི་མི་བསྡེབ། ཚེག་བར་བདུན་མའི་ཚིགས་བཅད་ནི་མི་འབྲི། ང་ལ་སྙོམས་འགྱུར་སྡེབ་སྦྱོར་གྱིས་ཅི་བྱེད་ཅེས་ཟེར། ངས་དེ་ལྟར་སླ་མོ་བྱེད་ཆོག་པ་ཞིག་མ་རེད། ཙི་ན་བ་ཚོས་ཁ་གྲགས་མ་ཐག་张三李四ཟེར་བ་ལས张四李三མི་ཟེར་བ་ཅི་རེད་ཅེས་དྲིས་པ་ན་ཁོས་ ལན་མི་ཐོབས། ངས་འདི་ནི་ང་ཚོ་དང་སྙོམས་འགྱུར་སྡེབ་སྦྱོར་གྱི་འབྲེལ་བ་རེད་ཅེས་བཤད་པ་ཡིན། འབྲུ་བཞིའི་དཔེ་ཆོས(四字成语)ལ་རྩ་དོན་ཞིག་ཡོད་པ་ནི་ཚེག་བར་ཉུང་ལ་སྡེབ་ལེགས་པ། རྐང་བའི་སྐོང་སྣོན་ལ་སྔོ་ཐོག་པ། ཡུན་རིང་ལ་གཏན་ཆགས་པ་བཅས་ཡིན། དེས་ན་ཕྱི་མ་གཉིས་ནི་སྙོམ་འགྱུར་སྡེབ་སྦྱོར་གྱི་གནད་དོན་དང་འབྲེལ་ཡོད། 张三ནི་སྙོམས་གདངས་དང་李四ནི་འགྱུར་གདངས་ཡིན་པས། དེ་ལ张四李三ཟེར་ན་ཅུང་རྙོག་འགྲོ དེ་བཞིན་དུ་ང་ཚོས་千方百计ཞེས་རྗོད་སྐབས་ཀྱི་གདངས་ནི་“སྙོམས་སྙོམས་འགྱུར་འགྱུར” ཡིན་པར་བརྟེན་ང་ཚོས་འདི་ལ་千计百方ཞེས་མི་བརྗོད་པ་ནི་རྒྱུན་ལྡན་ཞིག་རེད། འདིའི་ནང་དུ་རྒྱ་ཡིག་གི་རྩ་བའི་མཛེས་རིག་ཅིག་ཡོད། གལ་ཏེ་ཁྱེད་ཀྱིས་འདི་ཙམ་ཡང་མི་ཤེས་ན་རྩོམ་པ་པོ་བཟང་བོ་ཞིག་བྱེད་དགོས་རྩ་བ་ ནས་མ་འདོད། སྙོམ་འགྱུར་གྱིས་ད་དུང་ང་ཚོའི་དུས་རྒྱུན་འཚོ་བའི་ཁྲོད་ཀྱི་ཁ་སྐད་དོ་མཉམ་ལ་ ཚོད་འཛིན་བྱེད་ཀྱིན་ཡོད་པས་དེ་ནི་སླ་མོ་བྱེད་ཆོག་པ་ཞིག་ཁྱོན་ནས་མ་རེད།
•རྩོམ་རིག་གི་སྐོར།
༡.ཀྲུང་རིག་ཆེད་མཁས་པ(汉学家)དག་གི་སྐད་ཆ་དེ་འདྲའི་གལ་ཆེན་མ་རེད།
ཀྲུང་ རིག་ཆེད་མཁས་པ་དག་གིས་བལྟས་ན་ཀྲུང་གོའི་དེང་རབས་རྩོམ་རིག་ལ་གནད་དོན་མང་པོ་ ཡོད། ངས་བསམ་ན་ང་ཚོས་དེ་ལ་འུར་ཆེན་འུར་ཆུང་བྱེད་དགོས་དོན་མི་འདུག་པར་སྙམ། དོན་དམ་གྱི་རྩོམ་པ་པོ་ཞིག་གིས་ཕྱི་གླིང་བ་ཚོས་མཐོང་ཆེན་བྱེད་ཆེད་དུ་རྩོམ་ ཡིག་འབྲི་མི་སྲིད་པར་འདོད་པས། ཡོ་རོབ་པ་དང་ཨ་རུ་བ་ཞིག་གི་གདེང་འཇོག་ནི་ང་ཚོར་དེ་འདྲའི་གལ་ཆེན་རང་མ་རེད་ བསམ། ཀྲོང་གོ་བར་ལྷུག་རྩོམ་ཡག་པོ་མེད། རྩོམ་རིག་དགའ་ཅི་ཡང་མེད་སོགས་ཀྱི་འཆལ་གཏམ་བརྗོད་མི་རིགས། ང་ཚོས་ཀྱང་ཁྱོད་ཚོར་རྩོམ་པ་པོ་དགའ་ཞིག་བྱུང་མེད་ཅེས་ཟེར་ཆོག་མོད། ཁུངས་ལུང་ཅི་ཡང་མེད་ན་ག་ལ་རུང་། ངས་ཀྲུང་གོ་བ་ཚོར་རང་རྟོན་ཅུང་ཟད་ཡོད་འགྲིག་པར་འདོད། ལ་ཏེན་མི་ཡིས་ཁྱོད་མི་བཟང་གི་ཟེར་ན་ཁྱོད་ངན་པར་འགྱུར་མི་རུང་། ཁོ་ཚོའི་སྐད་ཆ་དེ་འདྲའི་གལ་ཆེན་རང་མ་རེད། དུས་མཚུངས་སུ་ངས་ནོ་པེར་རྩོམ་རིག་བྱ་དགའ་འང་ང་ཚོར་དེ་འདྲའི་འགངས་ཆེན་ཞིག་མ་ རེད་བསམ། ངས་རྒྱུན་དུ་འདི་ལྟར་འདོད་དེ། ནོ་པེར་བྱ་དགའ་ནི་འཛམ་གླིང་བྱ་དགའ་ཞིག་ཏུ་བརྩི་མི་རིགས་ཤིང་དེ་ནི་ནུབ་གླིང་ རྩོམ་རིག་བྱ་དགའ་ཞིག་ཏུ་བརྩིས་ན་ཅུང་བཟང་བར་སྙམ། རྒྱུ་མཚན་ནི་དེ་ཉིད་གཙོ་བོ་ནུབ་གླིང་སྐད་ཁོངས་སུ་སྩོལ་ཞིང་མཚམས་མཚམས་རེར་ ཤར་ཕྱོགས་པ་ཚོར་རེ་གཉིས་རེ་གནང་སྲིད་པས་སོ།། འཛམ་གླིང་ན་ཧྭ་མི་དུང་ཕྱིར་བཅུ་ལྷག་ཅིག་ཡོད་ལ་ཧྭ་མིའི་རྩོམ་པ་པོ་འང་འཛམ་ གླིང་གི་ཡུལ་གྲུ་ཀུན་ཏུ་ཡོད། ང་ཚོ་རང་ཉིད་ལ་བྱ་དགའ་ཞིག་ཡོད་འོས། ང་ཚོ་རང་གིས་བདག་རྐྱེན་ཚད་གཞི་ཞིག་བཟོ་ཆོགཡིན་གཅིག་མིན་གཉིས་ལ་ཏེན་རྒད་པོ་ བཅུ་ཁ་ཞིག་གིས་མཛུབ་མོས་གར་བསྟན་ཤར་བྱེད་དགོས་དོན་མི་འདུག
༢.ཆེའི་ཡོན་ལ(屈原)ནོ་པེར་བྱ་དགའ་ཐོབ་ན་ག་འདྲ་ཡིན་སྲིད།
རྩོམ་ རིག་བྱ་དགའ་ནི་ལས་བསོད་ཀྱི་སྐར་ཆེན་ཡིན་ལ་གཤིན་རྗེ་ཡི་མཆུ་སྦྱོར་ཡང་ཡིན། སྐད་ཆ་འདི་ངས་གསར་དུ་བཤད་པ་ཞིག་མིན། ནུབ་ཕྱོགས་པར་བཤད་ཚུལ་འདི་སྔ་མོ་ཞིག་ནས་ཡོད་འདུག ནུབ་ཕྱོགས་རྩོམ་པ་པོ་འགའ་རེར་ནོ་པེར་བྱ་དགའ་ཐོབ་རྗེས་ན་རྒས་རྫི་རྡིབ་དང་ འཕྲོ་ཆད་རྗེས་མེད་དུ་གྱུར་འགྲོ། དེ་ལས་མིང་གྲགས་ཆེ་བའི་མཚན་གཞི་གཉིས་ནི་ཁྲོན་ཏོན་ཁཱང་ཁྲིན་(川端康成)དང་ཧེ་མེན་ ཝེ་(海明威)གཉིས་ཡིན། འདི་གཉིས་ཀ་བྱ་དགའ་ཐོབ་རྗེས་སུ་རང་ཤི་བརྒྱབ་པ་རེད། འདི་ནི་ཡ་མཚར་བ་ཞིག་མིན་ནམ། བྱས་རྗེས་བཞག་ཅིང་མཚན་སྙན་རྒྱས་ན་ད་ནི་སེམས་ཕམ་དོན་ཅི་ཞིག་ཡོད། དེ་ནི་ཁོ་ལ་ན་རྒས་རིག་རྡིབ་བྱུང་བས་རེད། མ་མཐར་ཡང་ཧེ་མེན་ཝེ་ནི་དེ་འདྲ་ཡིན། ཁྲོན་ཏོན་ཁཱང་ཁྲིན་གྱི་ལོ་རྒྱུས་ང་ལ་གསལ་ཆ་ཆེར་མེད། ཡིན་ནའང་ནོ་པེར་བྱ་དགའ་ཐོབ་རྗེས་སུ་རང་ཤིའི་དོན་རྐྱེན་བྱུང་བ་འདི་ཧ་ཅང་ཡ་ མཚར་དགོས་པ་ཞིག་རེད། ངས་དེ་རིང་སྔ་དྲོའི་གྲོས་ཚོགས་ཀྱི་མཇུག་སྒྲིལ་བའི་མཛད་སྒོའི་སྟེང་ཡང་འདི་ ལྟར་བཤད་པ་ཡིན། གལ་ཏེ་ཆེའི་ཡོན་གཙང་བོར་མ་ལྕེབས་གོང་ནོ་པེར་བྱ་དགའ་ཐོབ་པ་ཡིན་ན། ཁོས་དེ་མུར་གཙང་བོར་ལྕེབས་དགོས་མིན་ལ་བསམ་བློ་གཏོང་དགོས་པ་རེད་དམ།
༣.རྩོམ་པ་པོས་རྒྱལ་ཁའི་ཚོད་བགམ་ཐེག་དགོས།
རྩོམ་ པ་པོས་རྒྱལ་ཁའི་ཚོད་བགམ་ཐེག་དགོས། རྩོམ་པ་པོ་རེ་རེས་སོ་སོའི་འགལ་རྐྱེན་བར་ཆད་ལ་གདོང་གཏོད་དགོས་པ་ནི་རྒྱུན་ ལྡན་ཞིག་རེད། རྒྱལ་ཁ་ཐོབ་རྗེས་གཅིག་ཐང་ན་འཕྲོ་ཆད་རྗེས་མེད་དུ་གྱུར་ཏེ་ཡར་སྐྱེད་མེད་ཅིང་། གཅིག་ཐང་ན་ན་རྒས་རྫི་རྡིབ་ཏུ་འགྱུར་ཉེན་ཆེ། མིང་དུ་གྲགས་རྗེས་ཁྱོད་ལ་ཀློག་པ་པོ་རེ་གཉིས་དང་ཐ་ན་ཐག་འཁྱུད་(粉丝)་རེ་འགའ་ འང་ཡོད། ཁྱོད་ཀྱིས་ཁོ་ཚོ་ཕྱིར་འཆོར་བར་སྐྲག་ནས་ལུགས་སྒྱུར་ཐབས་རྒྱུར་མི་བྱེད་པར་ སྔར་ཡོད་གྱི་ཉམས་འགྱུར་མཁྲེགས་པོ་བཟུང་། འདི་ལྟར་བྱས་ན་རང་ལམ་རང་གིས་འགོག་པར་འགྱུར། ངས་རྩོམ་པ་པོ་ནི་སྒྱུ་རྩལ་པ་དང་འདྲ་བར་སྐྱེ་བོ་ཕལ་བ་དག་ལས་ཀྱང་ཁོའི་སྔར་ ཡོད་ཀྱི་ཉམས་འགྱུར་ལ་འཚེར་སྣང་སྐྱེད་མཁས་པོ་ཞིག་ཡིན་འོས་སྙམ། དེར་བརྟེན་རང་ཉིད་ལ་རྒྱུན་མི་ཆད་པར་འདུལ་སྦྱོང་བྱས་ཏེ་འདོར་འོས་པ་དག་འདོར་ དགོས། ཧྥིན་ཀྲི་(冯至)ཡིས་སྙན་ངག་ཅིག་བྲིས་པ་ཤིན་ཏུ་ལེགས〔ངས་ཁོ་རང་པེན་ཀྲི་ལེན(卞之琳) ཡི་ནཔ་མི་དྲན།〕མདོར་ན། སྒྱུ་རྩལ་པ་ནི་བྱ་གླག་ཅིག་དང་འདྲ་ནམ་མཁར་འཕུར་ཏེ་རྒྱུན་མི་ཆད་པར་འདུལ་ སྦྱོང་དང་བསྐྱུར་གཏོང་བྱེད་ཀྱིན་ཡོད། ཁོ་རང་འཕུར་དགོས་པས། ནམ་མཁའ་འདི་འདུལ་སྦྱོང་མ་ཐུབ་ན་ས་ལ་ལྷུང་ཡོང་བ་རེད།
①ཨོ་སི་ཝེ་ཤིན་ གཅིག་བསྡུས་བཙོན་ཁང་ནི་ཕོ་ལན་(波兰)ནུབ་ཕྱོགས་ཀྱི་ཨོ་སི་ཝེ་ཤིན་མཁར་གྲོང་གི་ ཉེ་འགྲམ་དུ་ཡོད་ལ། འཛམ་གླིང་དམག་ཆེན་གཉིས་པའི་སྐབས་སུ་འཇར་མན་ན་ཙི(纳粹)་ཏང་གིས་གཅིག་བསྡུས་བཙོ་ ཁང་༡༠༠༠ལྷག་བཙུགས་པའི་གྲས་ཀྱི་ཆེས་ཆེ་ཤོས་ཡིན། གནས་འདི་ནས་མི་འབོར་ཁྲི་༣༠༠ལྷག་ཅིག་འཇར་མན་ཧྥ་ཤི་སིས(德国法西斯)་དམར་གསོད་བཏང་ བས་མིང་ལ〝གཤིན་རྗེའི་བཟོ་གྲྭ〞ཞེས་ཀྱང་གྲགས།
②赤壁赋ཡི་赤壁ནི་ས་མིང་དང་赋ནི་རྒྱ་ནག་གནའ་རབས་ཀྱི་རྩོམ་ལུས་ཤིག་གི་མིང་ཡིན།
③ཚྰི་ ནི་རྒྱ་ནག་གི་དབྱངས་ཀྱི་རིག་པའི་རྣམ་པ་ཞིག་སྟེ། ཚེག་བར་ལྔ་དང་བདུན་མའི་སྙན་ངག་དང་། དམངས་ཁྲོད་གླུ་དབྱངས་བཅས་འཕེལ་རྒྱས་བྱུང་ནས་གྲུབ་པ་ཞིག་ཡིན།
④རྩོམ་རྙིང་ནི་རྒྱ་ནག་ལྔ་བཞི་སྔོན་དུ་བཀོལ་བའི་གནའ་རབས་རྒྱ་ཡིག་རྨང་གཞི་བྱས་པའི་ཡིག་སྐད་ལ་བྱ།
⑤སྙོམས་ འགྱུར་སྔེབ་སྦྱོར་ནི་སྙོམས་གདངས་དང་འགྱུར་གདངས་ཏེ། སྙོམ་འགྱུར་སྒྲ་གདངས་ཀྱིས་གྲུབ་པའི་སྙན་ངག་སོགས་ཀྱི་སྡེབ་སྦྱོར་གྱི་ངེས་ སྲོལ་ཞིག་ལ་གོ
—སྒྱུར་པ་པོའི་མཆན།
གསལ་བཤད། བཅར་འདྲི་འདིར་ད་དུང་ཁྱིམ་ཚང་གི་སྐོར་དང་ཤིས་ཀྲོའུ་ཡི་སྐོར་ཞེས་པའི་ཚན་པ་ གཉིས་འདུག་མོད། ཚན་པ་འདི་གཉིས་བཅར་འདྲི་སྤྱིའི་བབ་དང་འབྲེལ་མེད་ལྟ་བུར་གནས་པས། ཚེགས་ཆེན་དོན་ཆུང་གི་ལས་འདི་བསྐྱུར་ཏེ་མཚམས་འདི་ནས་མཇུག་བསྡུས་པ་ཡིན།
ན་གཞོན་གསར་པའི་དྲ་བ་ལས་དྲངས།
