ཐུགས་རྗེས་གཟིཌ། རྟ་ལམ་བོང་བུས་མ་བཀག་རོགས།

སྤེན་པ།   ས་རཱ་མཐོ་སློབ།
ཉེ་ཆར་ང་ཚོ་ཚང་མས་མཁྱེན་གསལ་ལྟར། བོད་ནང་རྒྱལ་གཅེས་དཔའ་བོ་དཔའ་མོ་མང་པོ་ཞིག་གིས་རང་ལུས་ཞུགས་མེར་བསྒྲོན་ནས་རྒྱ་གཞུང་གི་སྲིད་བྱུས་ལ་ཞི་བའི་ངོ་རྒོལ་གནང་དང་གནང་བཞིན་པ་མ་ཟད། གནས་ཚུལ་དེ་དག་ལ་བརྟེན་ནས་བོད་མིའི་ཆབ་སྲིད་ཀྱི་གནས་སྟངས་ཧ་ཅང་ཛ་དྲག་པོ་ཞིག་ཆགས་ཀྱི་ཡོད་རེད།

འོན་ཏེ་ང་ཚོ་རང་དབང་ལུང་པར་འཚོ་གནས་བྱེད་བཞིན་པའི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་ལ་བོད་མི་རིགས་ཤིག་ཡིན་པའི་བསམ་བློའི་འདུ་ཤེས་གཏན་ནས་མི་འདུག ལྷག་པར་དུ་ཡང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ས་རཱ་མཐོ་སློབ་ཏུ་ལས་བྱེད་འོས་སྦྱོང་ཞིག་གོ་སྒྲིག་ཞུས་པ་བཞིན། ད་ལྟའི་ཆར་ལས་གཞི་དེ་ཉིིད་དངོས་སུ་འགྲོ་བཞིན་པ་རེད།

ལས་བྱེད་འོས་སྦྱོང་དུ་ཕེབས་མཁན་གྱི་གཞོན་སྐྱེས་དེ་དག་ལ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་སློབ་གསོ་གང་འདྲ་ཞིག་རྒྱག་གི་ཡོད་མེད་དང། དེ་དག་ལ་ཤེས་ཡོན་གྱི་གནས་ཚད་གང་འདྲ་ཞིག་ཡོད་མེད། བོད་རྒྱལ་ཁབ་དང་བསྟན་པ་ཆབ་སྲིད་ཀྱི་ཆེད་དུ་ལྷག་བསམ་དང་། སེམས་ཤུགས་གང་འདྲ་ཞིག་ཡོད་མེད་ངས་མ་ཤེས་ཀྱང་། ངས་དོ་དགོང་གི་བགྲོ་གླེང་འདི་ཚོགས་པའི་སྐབས་སུ་ལས་བྱེད་འོས་སྦྱོང་དུ་ཕེབས་པའི་གཞོན་སྐྱེས་དེ་དག་གི་ཕྱག་ཏུ་ལག་ཐོགས་ཁ་པར་རེ་བསྣམས་ཏེ། བགྲོ་གླེང་གཏམ་བཤད་བྱེད་མཁན་གྱིས་བཤད་པའི་སྐད་ཆ་མ་གསན་པར་ཤུབ་ཤུབ་ཏུ་སྨྲ་བ་དང། ལག་ཐོགས་ཁ་པར་ནང་རྩེད་མོ་རྩེས་ནས་བཞུགས་འདུག་པ་དེ་རེད། ཁོང་རྣམ་པ་ཚོའི་བྱེད་སྟངས་འདི་ངས་མཐོང་བ་ཐེངས་མ་གཅིག་གཏན་ནས་མིན། དེ་སྔོན་ཡིན་ན་ཡང་ཁོང་རྣམ་པས་ཤེས་རིག་ཉམས་ཞིབ་པ་ཆུང་ཚེ་རིང་ལགས་ཀྱིས་གཏམ་བཤད་གནང་བའི་སྐབས་སུ་བཀའ་མོལ་མང་པོ་ཞིག་གནང་གི་ཡོད་པ་ངས་མཐོང་ཐོས་སུ་བྱུང་ན་ཡང་། ཏན་ཏན་མི་ལ་ནོར་འཁྲུལ་མེད་པ་ཞིག་ཡོད་ཀྱི་མ་རེད་སྙམ་ནས་དངོས་སུ་མཛུབ་མོ་བཙུགས་ཏེ་སྐད་ཆ་ཞིག་མ་བཤད་ན་བསམ་ནས་དེའི་སྐོར་གང་ཡང་གླེང་མེད་ཀྱང་། དོ་དགོང་བགྲོ་གླེང་འཚོགས་པའི་སྐབས་སུ་ཁོང་རྣམས་ཀྱི་བྱེད་སྟངས་ལ་བལྟས་པ་ཡིན་ན། ཁོང་རྣམས་ཀྱིས་སྐད་ཆ་གསན་སྟངས་གཏན་ནས་ཤེས་ཀྱི་མི་འདུག་ལ། ཐ་ན་སྟན་ཐོག་ཏུ་བཞུགས་སྟངས་ཀྱང་ཤེས་ཀྱི་མི་འདུག དེ་བས་ན་སྔོན་འགྲོའི་འཛིན་གྲྭར་བསྐྱལ་ནས་འགྲོ་འདུག་སྤྱོད་གསུམ་དང་། སོ་སོ་རང་ལ་ཁ་ཕྱོགས་ནས་སྐད་ཆ་ཞིག་བཤད་ཀྱི་འདུག་ན། དེ་གང་འདྲ་བྱས་ནས་གསན་དགོས་ཀྱི་ཡོད་མེད་སོགས་གཞི་རྩའི་སློབ་གསོ་ཞིག་ངེས་པར་དུ་སྤྲོད་དགོས་འདུག  དེ་མ་གཏོགས་ད་ལྟའི་བྱེད་སྟངས་དེ་དག་གི་རྐྱེན་པས་ས་རཱ་མཐོ་སློབ་འདི་ཉིད་ལ་ཡང་མིག་ལྟོས་ངན་པ་ཞིག་དང། བག་ཆགས་ངན་པ་ཞིག་ཆགས་རྒྱུ་ཡིན་པ་སྨོས་མི་དགོས་པ་ཞིག་རེད།

དེེར་བརྟེན་སྐད་ཆ་ཤོད་སྟངས་དང། ཉན་སྟངས་མི་ཤེས་པའི་སྐུ་ངོ་ཞིག་གིས་ང་ཚོའི་འགོ་ཇི་ལྟར་བྱས་ནས་འཁྲིད་ཐུབ་ཀྱི་རེད། ང་རང་ཡང་བློ་ཕམ་དང་ཡི་ཐང་གཏན་ནས་ཆད་སོང་། ཕྱོགས་གཞན་ཞིག་ནས་བཤད་ན། ཁོང་རྣམས་ཀྱིས་ཀྱང་ཀུན་སྤྱོད་འདི་འདྲ་བ་ཞིག་ཁྱེར་ནས་བོད་མི་མང་གི་ཞབས་ཕྱི་ཞུ་ཡི་ཡིན་དགོངས་ན། དེ་ནི་དགོད་བྲོ་བའི་གནས་ཤིག་རེད། གལ་ཏེ་ངས་མཐོང་བ་དེ་ཕྱིའི་ཀུན་སྤྱོད་ཙམ་ལས། ངས་མ་མཐོང་བའི་ཤེས་འཇོན་ལྷག་བསམ་ཕུན་སུམ་ཚོགས་པ་ཞིག་ཡོད་སྙམ་ན་ཡང་། དེ་ནི་ལོག་རྟོག་རང་ཡིན་མོད། དོན་དངོས་ཡོད་གནས་ཚུལ་ལ་དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ན་ཡང་། ས་རཱ་མཐོ་སློབ་ཀྱི་སྒྲིག་གཞིའི་ནང་བགྲོ་གླེང་འཚོག་པའི་སྐབས་སུ་ལག་ཐོགས་ཁ་པར་བསྣམས་མི་ཆོག་པ་དེ་སྒྲིག་གཞི་རེད། རྩ་བའི་འགྲོ་འདུག་སྤྱོད་གསུམ་དང། ཀུན་སྤྱོད་ཚུལ་ལྡན་ཞིག་གནང་དགོས་པ་དེ་བསླབ་བྱ་དང་། འགན་འཁྲི་ཞིག་ཀྱང་རེད་འདུག མ་ཟད་ཡུལ་ཆུ་བཏུང་ནས་ཡུལ་ཁྲིམས་ཁུར་དགོས་པ་དེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དེ་སྔོན་ཚོགས་ཁང་རྙིང་པའི་ནང་དུ་བཀའ་སློབ་ཟབ་ཅིང་རྒྱས་པ་ཞིག་ཕེབས་ཟིན་པ་རེད།

ངས་གང་བཤད་པའི་སྐད་ཆ་དེ་དག་ནི་ང་རང་གི་ངོས་ནས་འགན་འཁྲི་ཞིག་དང་། རྒན་དམ་པའི་དགོངས་གཞི་གང་ཡིན་པ་ཡིད་ལ་གསལ་པོར་དྲན་པའི་ཐོག་ནས་བྲིས་པ་མ་གཏོགས་དངོས་ཡོད་གནས་ཚུལ་དེ་དག་འགེབས་སྲུང་བྱས་ཏེ། རུལ་སུངས་ཀྱི་སྤྱི་ཚོགས་ཤིག་ཏུ་འགྱུར་རྒྱུའི་དམིགས་ཡུལ་དེ་ནམ་ཡང་མེད། ངས་སྐད་ཆ་འདི་བཤད་པར་བརྟེན་སང་ཉིན་རང་ཉིད་རྒྱ་གར་གྱི་ཁྲིམས་རྭར་འགྲོ་དགོས་པ་དང་། ས་རཱ་མཐོ་སློབ་འདི་ནས་གནས་དབྱུང་གཏོང་བ། སྒེར་གྱི་ཚེ་སྲོག་ལ་འཇིགས་སྐུལ་བྱེད་པ། རང་ཉིད་ལ་མ་དགའ་བའི་རྣམ་འགྱུར་འཛིན་མཁན་ཞིག་བྱུང་བ་ཡིན་ན། དེ་ནི་ངས་མཐའ་མཇུག་གི་རེ་བ་བཟང་པོ་ཞིག་གྲུབ་ཐུབ་པའི་ངོས་འཛིན་ཞུ་ཡི་ཡོད། རྒྱུ་མཚན་ནི། ངས་བཤད་པའི་སྐད་ཆ་དེ་ལ་རིན་ཐང་ག་ཚོད་ཅིག་ཡོད་པ་དང་། ནུས་ཤུགས་ག་ཚོད་ཅིག་ཡོད་པ་མཚོན་ཞིང། དེ་ལ་བརྟེན་ནས་ངོ་དགའ་སྤྲེལ་ལད་དང་། གཡོ་སྒྱུ་ཁྲམ་གསུམ་སོགས་ཀྱིས་ཡོངས་སུ་སྦགས་པའི་རུལ་སུངས་ཀྱི་སྤྱི་ཚོགས་ཤིག་ལ་ཁ་གཏད་གཅོག་ཐུབ་པའི་སྤོབས་པ་དང། རྒྱལ་ཁ། གཟི་བརྗིད་ཅིག་ཆགས་ཀྱི་ཡོད་པ་མ་གཏོགས་སང་ཉིན་མི་ཞིག་གིས་ཚ་འདྲི་བྱེད་དུས་མདང་དགོང་ང་རང་ར་བཟི་འདུག ངའི་བསམ་ཚུལ་ཙམ་རེད་ཅེས་དགོངས་དག་ཞུས་པ་ཡིན་ན། ངས་བཤད་པའི་སྐད་ཆར་ང་རང་གིས་འགན་གང་ཡང་འཁུར་མ་ཐུབ་པ་རེད། དེ་ལས་ཐབས་རྡུག་པ་དང་། དེ་ལས་ཞབས་འདྲེན་ཆེ་བ་ཞིག་འཛམ་གླིང་གང་ན་ཡང་ཡོད་མི་སྲིད། དེ་བས་ན་ངས་ནན་ཏན་དུ་ཞུ་དགོས་པ་ཞིག་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འགོ་འདྲེེན་བརྒྱུད་པ་དང་། ངོ་དགའ་སྤྲེལ་ལད་ལ་བརྟེན་པ། ལྐོག་རྔན་དངུལ་གྱིས་བསླུས་པ། སྐུ་དྲག་རིགས་རུས་སོགས་ལ་བརྟེན་ནས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་ལས་བྱེད་ཅིག་བྱེད་མི་འཇུག་པའི་རེ་བ་དང་སྨོན་ལམ་ཞུ་རྒྱུ་མ་ཟད། གལ་ཏེ་དེ་ལྟར་གནང་བ་ཡིན་ན་ཡང་དེ་ནི་ལས་རྒྱུ་འབྲས་དང་འགལ་ཞིང། ཁྲེལ་ངོ་ཚ་མེད་མཁན་དང་།༸རྒྱལ་དབང་བསྟན་འཛིན་རྒྱ་མཚོར་དབུ་སྐོར་ཞུས་པ་རང་རེད། དེ་ལས་གཞན་པའི་གནས་ལུགས་རྒྱུ་མཚན་ཞིག་བགྲངས་ས་ལྷག་མེད་པ་རེད། འོན་ཏེེ་དཔོན་ཆུང་ཡང་གཡོག་ཐུབ། རྡོ་ཆུང་ཡང་རྫ་གཅོག་ནུས་ཞེས་པའི་དཔེ་ལྟར་གྱུར་ཡང་། ང་རང་ལ་གནོང་འགྱོད་སྤུ་ཙམ་མེད།། །།
ཕྱི་ལོ་༢༠༡༢ཟླ་༨ཚེས་༢༤ཉིན་མཚན་མོའི་ཆུ་ཚོད་བཅུ་དང་ཕྱེད་ཀར་ཡོངས་སུ་བྲིས་ཟིན་པའོ།།