གཞོན་ནུ་ཚོགས་པ་སྒོ་རྒྱག་དགོས་ཟེར།

ལྷ་ཐོག་བཀྲ་ཤིས་འགྱུར་མེད།
སྔོན་མ་ཞིག་ལ་ནུབ་ཕྱོགས་སུ་དཀོན་མཆོག་གི་ལུང་བསྒྲགས་ནས། ལས་ཀ་གང་བྱས་ཀྱང་དཀོན་མཆོག་གི་བཀའ་ལས་འདའ་མི་རུང་བ་དང་། གལ་སྲིད་དཀོན་མཆོག་གི་བཀའ་དང་འགལ་བའི་ལས་ཀ་བྱས་ན་ལྷ་ལ་དམོད་མཁན་དང་།

སྨྱོན་པ། ལྟ་ལོག་པ། དཀོན་མཆོག་ལ་དྲིན་ལན་ལོག་འཇལ་བྱ་མཁན་རེད་ཟེར་ནས་འགྲོ་བ་མིའི་ནང་དུ་རྡུང་བསད་འཕྲོག་གསུམ་དུ་མ་ཞིག་བྱེད་མྱོང་ཡོད།

སྐབས་དེར་ཆབ་སྲིད་པ་ཚོས་ཆོས་ལུགས་ནས་དཀོན་མཆོག་གི་ལུང་ཚིག་གཡར་ནས་མི་གཞན་ལ་འཇིགས་སྣང་དང་སྡིགས་ར་སྐུལ་བྱེད་ཀྱི་མཚོན་ཆ་ངོ་མ་ཞིག་བྱས་པ་རེད། དེང་སང་མི་ཚོས་དུས་རབས་དེ་ལ་མུན་ནག་གི་དུས་རབས་དང་ཀླ་ཀློའི་དུས་རབས་ཞེས་ངོས་འཛིན་བྱེད་ཀྱི་ཡོད། རྒྱ་ནག་ཏུ་མའོ་ཙེ་ཏུང་གི་བསྐོ་བཞག་བྱས་པའི་ཧྥ་ཀའོ་ཧྥང་གིས་མའོ་ཡིས་གང་བཤད་པ་དེ་བདེན་པ་དང་། ཡང་དག་ཡིན་པའི་བཀའ་ལུང་བསྒྲགས་ནས་ལུང་འཛིན་རིང་ལུགས་པས་ལུང་དེ་ལས་བརྒལ་བའི་སྐད་ཆ་བཤད་མི་ཆོག་པའི་བཀའ་རྒྱ་དམ་པོ་ཁ་ལ་ཁྱེར་མྱོང་། རྒྱ་ནག་དམར་གཞུང་ལ་སྨྲ་བརྗོད་རང་དབང་མེད་ཟེར་ནས་སྐད་རྒྱག་དགོས་དོན་ཡང་འདི་རེད།

དེ་རིང་ཁ་སང་དྷ་རམ་ས་ལ་ནས་ཆབ་སྲིད་ཀྱི་སྐབས་འཚོལ་ནས་ཁེ་ལས་པའི་ཚོགས་པ་འགའ་རེས་དཀོན་མཆོག་གི་བཀའ་ལུང་རེ་ཁུར་ཡོང་ནས་མི་རིགས་དང་རྒྱལ་ཁབ་ལ་བྱས་རྗེས་ཡོད་པའི་ཚོགས་པ་དང་། མི་སྒེར་རེ་གཉིས་ལ་སྡིགས་དམོད་དང་དམའ་འབེབས་བྱེད་པ་མཐོང་དུས་ངས་གཏམ་རྒྱུད་དང་ལོ་རྒྱུས་འདི་ཚོ་སླར་ཡང་དྲན་སོང་།

མ་གཞི་ལུང་ཟེར་བ་འདིས་འགྲོ་བ་མིའི་བསམ་བློ་གནད་གསེང་ཡོངས་རྫོགས་ལ་སྒོ་ལྕགས་ཐེབས་ཡོད་ཅིང་། ལུང་ཟེར་བ་འདི་འགྲོ་བ་མིའི་ནུས་པ་དང་འཇོན་ཐང་གི་ཁ་གཏད་དུ་ལངས་ཡོད། ཆབ་སྲིད་པ་ཚོ་ལ་མཚོན་ན་ལུང་ཟེར་བ་འདི་ལག་ཆ་སྟབས་བདེ་ཞིག་རེད། དམངས་ཁྲོད་ཀྱི་རྒན་པོ་ཚོའི་ངག་ལ་ཡང་། མི་སུམ་ཅུ་ལ་བསམ་བློ་སུམ་ཅུ། བསམ་ལུགས་མི་གཅིག་ཁ་ཁ། མཛོ་སུམ་ཅུ་ལ་རྭ་ཅོ་དྲུག་ཅུ། སྐྱེས་ལུགས་མི་གཅིག་སོ་སོ། ཟེར་ནས་འགྲོ་བ་མི་མ་འདྲ་བ་རེ་ལ་ལངས་ཕྱོགས་དང་ལྟ་གྲུབ་མ་འདྲ་བ་རེ་ཡོད་ཆོག་པ་བཤད་ཡོད་ཀྱང་། དེང་སང་དྷ་ས་ནས་ཁེ་ལས་ཚོགས་པ་འགས་བསམ་ཚུལ་མ་འདྲ་བ་ཞིག་གཏན་ནས་ཡོད་མི་ཆོག་པའི་དཀོན་མཆོག་གི་བཀའ་བསྒྲགས་ནས་གཞན་ལ་འཇིགས་སྣང་དང་སྡིགས་ར་སྐུལ་གྱི་འདུག

ཁོང་ཚོས་འཇིགས་སྣང་དང་སྡིགས་ར་སྐུུལ་རེས་བྱ་བ་འདི་སྐྱེ་བོ་སྒེར་དང་ཚོགས་པ་སྒེར་གྱི་འཁོན་འཛིན་གྱི་རྔ་མ་འཕྱར་བཞིན་ཡོད་པ་ལས། ༧གོང་ས་མཆོག་གི་སྐུ་ཕྱྭ་དང་བཀའ་དགོངས་ལ་གཏན་ནས་འབྲེལ་བ་མེད། འདས་པོ་ཚོའི་ཁ་ཆེམས་དང་གསོན་པོ་ཚོའི་རེ་བ། རྒྱལ་ཁབ་དང་མི་རིགས་ཀྱི་རྩ་དོན་ལ་ཡང་གཏན་ནས་འབྲེལ་བ་མེད་པའི་ས་མཚམས་གསལ་པོ་ཤེས་དགོས། ཤཀྱཱ་མུ་ནིའི་ཆོས་ལུགས་ཀྱི་དབང་དུ་བྱས་ན་ཡང་གནས་ཚུལ་གང་ཡིན་ཡང་བསྲེག་བཅད་བརྡར་གསུམ་བྱས་ནས་ཐག་གཅོད་དགོས་པ་ལས། དཀོན་མཆོག་གི་བཀའ་ལུང་བསྒྲགས་ནས་སྡིགས་ར་དང་སྐྲག་སྣང་བསྐུལ་ནས་ཐག་གཅོད་དགོས་པ་གཏན་ནས་བཤད་མེད་ཀྱང་། དྷ་ས་ནས་དེང་སང་འདི་ལྟར་འཇིགས་སྣང་བསྐུལ་རེས་བྱེད་ཀྱི་གདའ། འདི་ནི་ཁོ་པ་ཚོའི་རྩ་བའི་བླ་མའི་བཀའ་ལུང་སྒྲུབ་མདོག་དང་མི་རིགས་ཀྱི་ལས་དོན་ཡིན་ཚུལ་གྱི་གསར་འགོད་གསལ་བསྒྲགས་བྱས་པ་ནི་སྐབས་འཚོལ་བའི་གོ་སྐབས་ཡག་ཤོས་དེ་ཆགས་པ་རེད། ཚོགས་པ་འདི་ཚོ་བཙུགས་པའི་དམིགས་ཡུལ་ཡང་ནང་ཁུལ་དུ་དམོད་མོ་འདོན་རེས་བྱ་རྒྱུ་དེ་ཡིན་པས་ཁོ་བ་ཚོ་མི་འགའ་ཤས་ཀྱི་དམིགས་ཡུལ་འགྲུབ་ཡོད། དོན་ངོ་མའི་ཆ་ནས་དྷ་སའི་ཚོགས་པ་ར་མ་ལུག་འདི་ཚོ་སྤྱི་ཚོགས་ཀྱི་བདེ་འཇགས་དང་འཆམ་མཐུན་བཤིགས་པའི་སྟ་གྲི་སོ་གཉིས་མ་འཇིགས་སུ་རུང་བ་ཞིག་རེད།    ལུང་ཚིག་རེ་གཉིས་ལ་ཤི་འཐམ་རོ་འཐམ་བྱས་ནས་སྐབས་འཚོལ་བ་ཚོས་ནང་ཁུལ་དུ་སྐྱེ་བོ་སྒེར་དང་ཚོགས་པ་སྒེར་གྱི་ལངས་ཕྱོགས་མ་མཐུན་པའི་ཐོག་ཏུ་བེད་སྤྱད་ནས། མདའ་གྲི་མདུང་གསུམ་གྱིས་གཡུལ་འཁྲུག་མ་བྱས་ཙམ་ཆགས་ཡོང་དུས་ངས་ནུབ་ཕྱོགས་སུ་དཀོན་མཆོག་གི་བཀའ་ཁྲིམས་བསྒྲགས་པའི་མུན་ནག་གི་དུས་རབས་དེ་ཡང་བསྐྱར་དྲན་ཡོང་གི་འདུག

ཁ་སང་ཇ་ཁང་ཞིག་ནས་མི་རེ་ཟུང་གིས་གཞོན་ནུ་ཚོགས་པ་གཏོར་དགོས་ས་རེད། སྒོ་རྒྱག་དགོས་ས་རེད། ཁོང་ཚོས་༧གོང་ས་མཆོག་ཐུགས་ཕམ་དུ་བཅུག་འདུག་ཟེར། སྐད་ཆ་འདི་ཚོ་གོ་དུས་ངའི་ཤ་གསེང་རུས་པའི་གསེབ་ནས་ཚ་ཤར་བརྒྱབ་སོང་། ༧གོང་ས་མཆོག་གི་དགོངས་གཞི་དེ་སྐྱེ་བོ་སྒེར་དང་ཚོགས་པ་སྒེར་གྱི་ལྟ་གྲུབ་མཐུན་མིན་གྱི་བར་དུ་ལོག་འགྲེལ་དང་ལོག་བཤད་ཀྱི་ལམ་དུ་ཁྲིད་རུང་ངམ། གཞིས་ལུས་བོད་མིའི་མངོན་འདོད་དང་། བོད་མི་རིགས་ཀྱི་རྩ་དོན་ངོ་མ་སྒྲུབ་པའི་ཚོགས་པ་གཅིག་ཡོད་པ་དེ་སྒོ་བརྒྱབ་ན་དོན་ངོ་མ་གང་ཞིག་ཆགས་སོང་བ་རེད། གཞོན་ནུ་ཚོགས་པ་ཟེར་བ་དེ་ཚོགས་པ་ཞིག་རེད་དམ་ལས་ཁུངས་ཤིག་རེད་དམ། གཏན་ནས་མ་རེད། མི་རབས་གསར་པ་ཞིག་གི་སྙིང་ཁོང་ན་འཕག་བཞིན་པའི་སྙིང་སྟོབས་དང་བསམ་བློའི་ལངས་ཕྱོགས་དང་ལྟ་གྲུབ་གཅིག་རེད། གཞོན་ནུ་ཚོགས་པ་སྒོ་བརྒྱབ་ན་མི་རིགས་ཤིག་གི་མདུན་ལམ་སྒོ་བརྒྱབ་སོང་བ་ཁོ་པ་ཚོས་ཤེས་མེད་པ་རེད་དམ། ངའི་སེམས་ཁོངས་སུ་དྲི་བ་འདི་འདྲ་ཞིག་བསླེབས་སོང། བོད་ནས་གཅེས་སྲོག་ལྔ་བཅུ་ལྷག་མེ་ལ་བསྲེགས་ཡོང་དུས་ཁ་ནས་འབོད་ཚིག་དེ་༧གོང་ས་མཆོག་བོད་ལ་ཕེབས་འཇུག་དགོས། བོད་ལ་རང་དབང་རང་བཙན་དགོས་ཟེར་བ་ལས། བོད་རང་སྐྱོང་དང་དབུ་མའི་ལམ་དགོས་ཞེས་སུས་ཀྱང་བཤད་མྱོང་མེད། རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ལ་དྲིན་ལན་གྱི་ཚབ་ཏུ་དྷ་ས་ནས་འདི་ལྟར་འཛིང་གི་འདུག འདི་ལྟར་འཁྲུག་གི་འདུག།།