ངོ་དེབ་ཀྱི་ཚོགས་མི་ཐེར་འབུམ་གཅིག་ཟིན་འདུག

རྒྱལ་སྤྱིའི་སྤྱི་ཚོགས་འབྲེལ་མཐུད་དྲ་བ་ངོ་དེབ་སྤྱོད་མཁན་གྱི་ཚོགས་མིའི་གྲངས་འབོར་ཐེར་འབུམ་གཅིག་ཟིན་པ་དང་།   མི་ཐེར་འབུམ་གཅིག་ལ་ངོ་དེབ་བརྒྱུད་སྦྲེལ་མཐུད་བྱེད་རྒྱུ་བྱུང་བ་ནི།  ད་ལྟའི་བར་ང་རང་མི་ཚེར་སྤོབས་པ་ཆེ་ཤོས་སྐྱེས་དགོས་པའི་གནས་ཚུལ་ཞིག་ཡིན་ཞེས་ངོ་དེབ་གསར་འཛུགས་གནང་མཁན་སྐུ་ཞབས་མྭག་ཛུ་ཀར་བྷག་གིས་འགྲེལ་བརྗོད་བྱས་འདུག

དེ་ཡང་ཟླ་འདིའི་ཚེས་༥  ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་དོན།   འཛམ་གླིང་ནང་སྙན་གྲགས་ཆེ་བའི་ངོ་དེབ་ཅེས་པའི་སྤྱི་ཚོགས་འབྲེལ་མཐུད་དྲ་བའི་ནང་གི་ཚོགས་མི་ཐེར་འབུམ་༡  ཟིན་འདུག   ཚོགས་མིས་ཕན་ཚུན་ཐེར་འབུམ་༡༤༠་༣  གྲོགས་འདྲིས་བྱས་ཡོད།  མ་ཟད་པར་དང་ཟིན་བྲིས་སོགས་ལ་དགའ་མོས་(like)  བྱས་པའི་ཁ་གྲངས་ཁྲག་ཁྲིག་༡་༡༣  ཡིན་པ་དང།  པར་གྲངས་ཐེར་འབུམ་༢༡༩  ནང་འཇུག་བྱས་ཡོད་པ་རེད་ཅེས་ངོ་དེབ་སྤྱི་ཁྱབ་འགན་འཛིན་གྱིས་བརྗོད་འདུག

ཁོང་གིས་མུ་མཐུད་བརྗོད་དོན།   ངས་རྒྱུན་དུ་ངོ་དེབ་དེ་བེད་སྤྱོད་བྱེད་མཁན་ཚོར་སྤྱོད་སྒོ་ཆེན་པོ་ཡོད་པར་འབད་བརྩོན་ཧུར་ཐག་བྱེད་ཀྱི་ཡོད།   ངའི་རེ་བ་ལ་འཛམ་གླིང་མི་མང་གཞན་རྣམས་ཀྱིས་ཀྱང་ངོ་དེབ་སྤྱོད་ཐུབ་པའི་རེ་བ་ཡོད།

སྤྱི་ཚོགས་འབྲེལ་མཐུད་དྲ་བ་མང་པོ་ཡོད་པའི་ཁྲོད་ནས་ཚོགས་མི་ཐེར་འབུམ་གཅིག་ལོན་མཁན་དེ་ངོ་དེབ་འབྲེལ་མཐུད་དྲ་བ་ཐེངས་དང་པོ་ཆགས་ཀྱི་ཡོད།   ངོ་དེབ་དེ་སྐུ་ཞབས་མྭག་ཛུ་ཀར་བྷག་ཁོང་ཨ་རིའི་ཧར་ཝཊ་གཙུག་ལག་མཐོ་སློབ་ཏུ་སློབ་སྦྱོང་བྱེད་སྐབས།  ཁོང་གི་སྣེ་ཁྲིད་དེ་ཁོང་གི་ཤག་རོགས་དང་འཛིན་གྲོགས་གཅིག་ལྕོགས་ཡིན་མཁན་གྲོགས་པོ་བཞི་དང་ལྷན་དུ་ཕྱི་ལོ་༢༠༠༤  ཟླ་བ་༢   པའི་ཚེས་༤  གསར་བཟོ་བྱས་པ་ཞིག་རེད།

དང་ཐོག་རང་གི་མཐོ་སློབ་ཏུ་སློབ་གྲོགས་བར་ངོ་དེབ་སྤྱོད་འགོ་བཙུགས་པ་དང།  རིམ་པས་ཨ་རིའི་མཐོ་སློབ་གཞན་དང།  ཕྱིས་སུ་འཛམ་གླིང་ས་ཕྱོགས་གང་སར་ཁྱབ་པ་ད་ལྟ་ང་ཚོས་མཐོང་ཆོས་སུ་ཡོད།

འོན་ཀྱང་འཛམ་གླིང་དམར་ཤོག་རྒྱལ་ཁབ་དང།  བཀས་བཀོད་རྒྱུན་འཛིན་གྱི་རྒྱལ་ཁབ།  དེ་བཞིན་ལྟ་བ་མཁྲེགས་འཛིན་བྱེད་མཁན་ཁ་ཆའི་རྒྱལ་ཁབ་ཁག་ཅིག་གི་ནང་ངོ་དེབ་བཀག་འགོག་བྱེད་བཞིན་ཡོད་པ་རེད།