དྲི་བས་འདེད་བཞིན་འདུག

རྨེའུ་དཀོན་རྒྱམ།
གཞིས་བཞུགས་བོད་མི་རྣམས་ཀྱིས། བོད་ཀྱི་རིག་གཞུང་སྙིང་དོན་ཉམས་སུ་བླངས་ཤིང་། མི་རིགས་ལར་ཞེན་གྱི་སྙིང་སྟོབས་དང་ཆོད་སེམས་དེ། སྐྱབས་བཅོལ་བོད་མི་རྣམ་པའི་སྙིང་ཁམས་སུ་སིམ་རན་པའི་དུས་སུ་བབས་སོང་ལ། མཉམ་རུབ་ཀྱིས་སྡེབ་ལངས་བྱེད་རན་པའི་དུས་ཚོད་ཀྱང་ཐོན་སོང་།

བོད་ཀྱི་རང་དབང་གི་ཆེད་དུ་ཚེ་སྲོག་གཏའ་མར་བཞག་ནས། མེར་སྲེག་ཞི་རྒོལ་ཆེན་མོའི་ཁ་ཕྱོགས་དེས། སྐྱབས་བཅོལ་བོད་མི་ཚོའི་འཐབ་རྩོད་ལ་གསོན་ཤུགས་རྒྱས་ཀྱི་ཡོད་དམ། མ་གཞི་ནས། སྐྱབས་བཅོལ་བོད་མི་ཚོས་འཐབ་རྩོད་ཀྱི་ཁ་ཕྱོགས་དཀྱུས་གཅིག་ཏུ་བབས་ཡོད་དམ།

སྐྱབས་བཅོལ་བོད་མི་ཚོའི་ནང་དུ་རྒྱ་གཞུང་དང་དེའི་སྲིད་བྱུས་ལ་ཞིབ་འཇུག་གནད་ལ་འཁེལ་བ་བྱེད་མཁན་ག་ཚོད་ཡོད་དམ། གལ་སྲིད་ཞིབ་འཇུག་བྱེད་མཁན་ཡོད་ན། གྲུབ་དོན་ག་འདྲ་ཡིན་ནམ། རྒྱ་ནག་གི་རིག་གནས་དང་རྒྱ་གཞུང་གི་སྲིད་བྱུས་མ་ཤེས་ན། རྒྱ་གཞུང་ལ་འཐབ་རྩོད་བྱེད་སྟངས་ཤིག་ཡོད་དམ།

འཛམ་གླིང་ཞི་བདེའི་དེད་དཔོན་ཆེན་མོ་དང་ནང་པའི་ཆོས་ལུགས་ཀྱི་དབུ་ཁྲིད་བླ་ན་མ་མཆིས་པ་༸གོང་ས་མཆོག་གི་ཞལ་ནས། སྔ་ཕྱིར་སྐུ་ལུས་མེར་སྲེག་གིས་ཞི་རྒོལ་འཐབ་རྩོད་བྱེད་སྟངས་ཐད་ལ་བཀའ་སློབ་གནང་བ་ཁག་གི་དགོངས་དོན་ལ་གོ་དོན་གང་འདྲ་ཞིག་བོད་མི་ཚང་མས་བླངས་ཡོད་དམ།

འཐབ་རྩོད་སྲོག་ཤིང་དུ་རང་ཉིད་བཞག་ནས། གཅེས་པའི་ཚེ་སྲོག་དམར་བོ་མེ་རུ་བསྒྲོན་ནས། ལོ་རྒྱུས་ཀྱི་རྒྱབ་རྟེན་ཡོད་པའི་རང་དབང་དང་དུས་རབས་ཀྱིས་འོས་བབ་འཕྲད་པའི་ཐོབ་ཐང་གི་སླད་དུ། ཞི་རྒོལ་བྱེད་སྟངས་ཀྱི་ཐབས་ལམ་འདིས། མིའི་རིགས་ཀྱི་མདུན་སོར་བོད་ཀྱི་རྣམ་འགྱུར་གང་འདྲ་ཆགས་ཡོད།

རང་ཉིད་མེ་རུ་བསྒྲོན་ནས་ཞི་རྒོལ་གྱི་བྱེད་སྟངས་དེ་མ་འོངས་པ་ན། ཁ་ཕྱོགས་གང་ཞིག་འགྱུར་མིན་ལ་དཔྱད་གཞིག་བྱེད་ཀྱིན་ཡོད་དམ། ལྷག་པར་དུ། མུ་མཐུད་ནས་ཞི་རྒོལ་འཐབ་རྩོད་འདི་གནས་ཐུབ་ཀྱི་ཡོད་མེད་སོགས་ཀྱི་སྐོར་ལ། གྲོས་བསྡུར་དང་འབྲེལ་ནས་འཐབ་རྩོད་བྱེད་ཕྱོགས་ཀྱི་ཐབས་ལམ་གཞན་ཞིག་འཚོལ་བཞིན་ཡོད་དམ།