སྦེལ་ཀོབ་ཏུ་དུས་དྲན་སྲུང་བརྩི་དང་བོད་དོན་ལས་འགུལ།
ཟླ་འདིའི་ཚེས་ ༡༠ ཉིན་གྱི་ཞོགས་པར་རྒྱ་གར་ལྷོ་ཕྱོགས་སྤེལ་ཀོབ་ལུགས་ཟུང་བསམ་འགྲུབ་གླིང་དང་། བདེ་སྐྱིད་སླར་གསོའི་གཞིས་ཆགས་གཉིས་ཀྱིས་༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་མཛད་ནས་མི་ལོ་ཧྲིལ་པོ་༢༣ འཁོར་བ་དང་། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་བཅས་ཀྱི་དུས་དྲན་སྲུང་བརྩི་བྱས་ཡོད་པ་རེད།
དེ་ཡང་ཞོགས་པའི་ཆུ་ཚོད་ ༨ : ༣༠ ཐོག་ས་གནས་གཞིས་ཆགས་ཁག་གཉིས་ཀྱི་གཞུང་འབྲེལ་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་ཁག་གི་འགན་འཛིན་འཐུས་མི་རྣམས་དང་། མི་མང་། སློབ་ཕྲུག་ཚང་མ་གཞིས་སྤྱིའི་རྒྱལ་བའི་ཕོ་བྲུང་དུ་འདུ་འཛོམས་བྱུང་བའི་ཐོག་བསང་གསོལ་འཕྲིན་བཅོལ་དང་། རྒྱལ་བའི་སྐུ་པར་མཐོང་གྲོལ་ཆེན་མོར་མཇལ་དར་ཕུལ། བོད་བསྟན་སྲིད་རང་དབང་གི་ཆེད་དུ་རང་སྲོག་དོར་བའི་རྒྱལ་གཅེས་དཔའ་བོ་ཕོ་མོ་ཡོངས་ལ་གདུང་སེམས་མཉམ་བསྐྱེད་ཀྱི་མྱ་ངན་གུས་འདུད་ཞུས་རྗེས། འཕགས་བོད་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་བསྒྲེངས་འཛུགས་དང་རྒྱལ་གླུ་བླང་སྟེ། ༧གོང་ས་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་ཕུལ་ནས་མི་ལོ་ཧྲིལ་པོ་༢༣ འཁོར་བའི་དུས་དྲན་བསྲུང་བརྩི་ཞུས་སོང་།
དུས་དྲན་སྐབས་བོད་མིའི་སྒྲིགས་འཛུག་བཀའ་ཤག་དང་བོད་མི་མང་སྤྱི་འཐུས་གཉིས་ཀྱི་གཏམ་བཤད་སྒྲོག་སྦྱངས་གནང་བ་དང་། རྒྱ་གར་ལྷོ་ཕྱོགས་བོད་དོན་རྒྱབ་སྐྱོར་ཚོགས་པའི་འབྲེལ་མཐུད་པ་ཤྲིའི་ཇཱེ་པི་ཨུ་སར་གྱིས་བོད་མིར་རྒྱབ་སྐྱོར་གྱི་གཏམ་བཤད་སྤེལ་ཡོད་པ་རེད། ཉིན་རྒྱབ་ཐེག་མཆོག་རྣམ་གྲོལ་གླིང་གི་དགེ་འདུན་པ་དང་། སེར་སྐྱ་མིང་གིས་བོད་ནང་གདུང་སེམས་མཉམ་བསྐྱེད་མཚོན་ཆེད་བསྔོ་སྨོན་གསོལ་འདེབས་དང་མར་མེ་སྟོང་ཕྲག་གིས་མཆོད་འབུལ་བྱས་ཡོད་པ་རེད།
ཕྱི་དྲོ་ཆུ་ཚོད་ ༥ པའི་ཐོག་ས་གནས་གཞིས་ཆགས་ལས་ཁང་ཁག་གཉིས་ཀྱི་གོ་སྒྲིག་འོག ལུགས་བསམ་གཞིས་གྲོང་དང་པོ་ནས་སྦེལ་ཀོབ་རྒྱ་གར་གཞུང་ལམ་ཆེན་མོའི་བར་ཐེག་མཆོག་རྣམ་གྲོལ་གླིང་གི་བཙུན་མ་དང་དགེ་འདུན་པ། སློབ་གྲྭ་ཁག་གི་སློབ་ཕྲུག་དང་། མི་མང་བཅས་སྟོང་ཕྲག་ལ་ཉེ་བ་ཞིག་གིས་མར་མེ་ཁྲོམ་སྐོར་ཞིག་བྱས་ཡོད་པ་རེད། མར་མེ་ཁྲོམ་སྐོར་དེའི་ནང་ས་གནས་ཧིན་བོད་མཛའ་འབྲེལ་ཚོགས་པའི་ཚོགས་གཙོ་སཱ་ཏ་ཤི་ཝ་པ་དང་། ཇཱེ་པི་ཨུ་སར་ལགས། ས་གནས་གཞིས་ཆགས་ཁག་གཉིས་ཀྱི་གཅིག་ལྕོག་ས་གནས་འགོ་འཛིན་བྱམས་པ་ཕུན་ཚོགས་དང་། བོད་མིའི་སྤྱི་མཐུན་མཉམ་འབྲེལ་གྱི་ཚོགས་གཙོ་སྤྱི་ཟུར་པདྨ་བདེ་ལེགས། ས་གནས་བུད་མེད་ལྷན་ཚོགས་ཀྱི་ཚོགས་གཙོ་བསྟན་འཛིན་སྒྲོན་མ་སོགས་ཀྱང་མཉམ་ཞུགས་བྱས་ཡོད་པ་རེད།
དེའི་རྗེས་སུ་བོད་མིའི་སྒྲིག་འཛུགས་ཕྱི་དྲིལ་ལས་ཁང་གིས་སྒྲིག་སྦྱོར་བྱས་པའི་བོད་ནང་གི་གནས་བབ་དང་འབྲེལ་བའི་ཀློག་བརྙན་ཞིག་ཀྱང་མི་མང་བསྟན་སོང་། གཞན་ཡང་ཉིན་མོ་དེར་ས་གནས་ཀྱི་གཞོན་ནུ་ལྷན་ཚོགས་དང་བུད་མེད་ལྷན་ཚོགས་གཉིས་ཀྱི་གོ་སྒྲིག་འོག མེ་སོར་རྫོང་གྲོང་ཁྱེར་དུ་བོད་དོན་རྔམ་སྟོན་ཁྲོམ་སྐོར་ཞིག་ཀྱང་བྱས་ཡོད་པའི་ནང་ཚོགས་པ་གཉིས་ཀྱི་ཚོགས་མི་ ༢༠༠ ལྷག་དང་དེ་མིན་མེ་སོར་ཁུལ་སྡོད་བོད་མིའི་ཚོང་པ་དང་སློབ་ཕྲུག་སོགས་ཐུས་ཁྱོན་མི་གྲངས་ ༢༥༠ ལྷག་མཉམ་ཞུགས་བྱས་ཡོད་འདུག
མེ་སོར་གསར་འགོད་པས།