མར་པ་ལོ་ཙཱ་སྐུ་འཁྲུངས་ནས་ལོ་༡༠༠༠འཁོར་བའི་རྗེས་དྲན།
“མར་པ་ལོ་ཙཱ་བ་དེ་སྒྲུབ་རྒྱུད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པའི་བཀའ་དྲིན་ཅན་གྱི་བླ་མ་ཞིག་ཡིན་པས། ད་རེས་ཁོང་སྐུ་འཁྲུངས་ནས་ལོ་ཆིག་སྟོང་འཁོར་བའི་རྗེས་དྲན་དེ་ཡང་རིས་སུ་མ་མཆིས་པའི་བོད་ཀྱི་ཆོས་ལུགས་ཚང་མས་སྲུང་བརྩི་བྱེད་དགོས་པ་སྨོས་མ་དགོས་པ་རེད།”ཅེས་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་གསུངས་སོང་།
དེ་ཡང་ཟླ་འདིའི་ཕྱི་ཚེས་༢༧ ཉིན་གྱི་སྔ་དྲོ་ཆུ་ཚོད་༩ པའི་སྟེང་རྒྱ་གར་ཧི་མ་ཅལ་ནང་རྟེན་གཞི་བྱས་པའི་གདན་ས་དཔལ་སྤུངས་ཤེས་རབ་རྣམ་པར་རྒྱལ་བའི་གླིང་གི་གོ་སྒྲིག་འོག དགོན་པ་དེའི་ཚོགས་ཁང་དུ་མར་པ་ཆོས་ཀྱི་བློ་གྲོས་སྐུ་འཁྲུངས་ནས་མི་ལོ་ཆིག་སྟོང་འཁོར་བའི་རྗེས་དྲན་མཛད་སྒོ་ཞིག་འཚོགས་སོང་ལ། མཛད་སྒོའི་སྟེང་སྐུ་མགྲོན་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར། དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ། ཁམས་སྤྲུལ་རིན་པོ་ཆེ། ཆོས་བརྒྱུད་ཁག་གི་སྤྱི་འཐུས་ཁག་ཅིག ལྷན་ཁང་ཁག་གི་དྲུང་ཆེ། གཞན་ཡང་དགོན་པ་དང། གཞིས་ཆགས། སློབ་གྲྭ་ཁག་གི་འགན་འཛིན་དང་། ས་གནས་མི་མང་བཅས་མཉམ་འཛོམས་བྱས་ཡོད་པ་རེད།
མཛད་སྒོའི་ཐོག་མར་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་མར་པའི་མཛད་རྣམ་མཐོང་བ་དོན་ལྡན་དབུ་འབྱེད་དང། སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་དང་། དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེ་གཉིས་ཀྱིས། དཔལ་སྤུངས་སྤར་མའི་གསུང་རབ་པོད་༢༢༢ ཞལ་འབྱེད་གྲུབ་མཚམས། མཁན་པོ་ཐུབ་བསྟན་ཀརྨས་སྒྲ་བསྒྱུར་མར་པ་ཆོས་ཀྱི་བློ་གྲོས་སྐུ་འཁྲུངས་ནས་མི་ལོ་ཆིག་སྟོང་འཁོར་བའི་མཛད་སྒོའི་ངོ་སྤྲོད་གནང་སྐབས། “མངའ་བདག་མར་པ་བཀའ་བརྒྱུད་པ་ཆེན་པོ་ཞེས་ཡོངས་སུ་གྲགས་ཤིང་བཀའ་བརྒྱུད་གསང་མཛོད་ཀྱི་ཤིང་རྟའི་ལམ་སྲོལ་གསལ་བར་མཛད་པ་པོ་ལོ་ཙཱ་བ་ཆོས་ཀྱི་བློ་གྲོས་དེ་ཉིད། གངས་ཅན་བོད་ཀྱི་ཡུལ་འདིར་ཆོས་ཀྱི་རྗེ་དུས་གསུམ་མཁྱེན་པའི་ཞལ་སློབ་བརྒྱུད་འཛིན་ཡོངས་ཀྱི་གཙོ་བོ། འགྲོ་མགོན་སངས་རྒྱས་རས་ཆེན་གྱི་རྣམ་སྤྲུལ་འོག་མིན་ཀརྨའི་གདན་སར་རིམ་བཞིན་བྱོན་པ། ཞེས་གསུངས་པ་ལྟར་མངའ་བདག་མར་པ་ལོ་ཙཱའི་རྣམ་སྤྲུལ་༧བྱམས་མགོན་རྡོ་རྗེ་འཆང་ཀྭན་ཏིང་ཏྭའི་སི་ཏུ་པདྨ་དོན་ཡོན་གྲུབ་པ་མཆོག་རྒྱ་གར་འཕགས་པའི་ཡུལ་དུ་ཞབས་སོར་འཁོད་ཅིང་གདན་ས་བསྐྱངས། མར་ལུགས་རྒྱུད་སྡེ་བཅུ་གསུམ་གྱི་བློས་བསླངས་དཀྱིལ་འཁོར་གསར་བཞེངས་དང་། སྒྲུབ་མཆོད་རྒྱུན་འཛུགས་གནང་བ་བཅས་རྟེན་འབྲེལ་རང་འགྲིགས་སུ་གྱུར་པར་བརྟེན། སྒྲ་བསྒྱུར་མར་པ་ལོ་ཙཱ་མཆོག་ཞིང་འདིར་བྱོན་ནས་བགྲང་བྱ་ཆིག་སྟོང་ཧྲིལ་པོ་འཁོར་བའི་བཀའ་དྲིན་རྗེས་དྲན་གྱི་དུས་སྟོན་སྲུང་བརྩི་ཞུ་རྒྱུ་ནི། གདན་ས་འདིའི་འོས་འགན་དུ་གྱུར་གཤིས་སྐྱེས་མཆོག་གང་གི་བཀའ་དྲིན་གྱི་ཆ་ཤས་ཕྲ་མོ་ཙམ་རེ་གསབ་པ་ཡང་ཚོགས་གསོག་གི་བགྱི་བ་དཀར་པོའི་གནད་དུ་བཟུང་བ་ཡིན་”ཞེས་གསུངས་སོང་།
སྐབས་དེར་སི་ཏུ་རིན་པོ་ཆེས་གསུངས་བཤད་གནང་དོན། “དེ་རིང་སྒྲ་བསྒྱུར་གྱི་རྒྱལ་པོ་མར་པ་ལོ་ཙཱ་མི་ཡུལ་དུ་སྐུ་བལྟམས་ནས་ལོ་ཆིག་སྟོང་ཧྲིལ་པོ་འཁོར་བའི་དུས་རེད། ཁོང་ལ་རྗེས་དྲན་ཞུ་དགོས་པ་དེ་ང་ཚོའི་ལས་འགན་རེད། སྤྱིར་བཏང་མར་པ་ཆོས་ཀྱི་བློས་གྲོས་དེ་བཀའ་བརྒྱུད་པ་རྐྱང་པར་བདག་བསྡད་པ་ཞིག་མ་རེད། ཁོང་གིས་མཛད་པའི་རྒྱུད་སྡེ་དེ་ཚོ་ཆོས་ལུགས་རིས་མེད་ཀྱིས་ཁྱབ་བསྡད་པ་ཞིག་རེད། ཡིན་ན་ཡང་མར་པ་བཀའ་བརྒྱུད་ཟེར་བ་དེ་མངའ་བདག་མར་པ་ལ་བརྟེན་ནས་བྱུང་བ་རེད། མར་པ་ལོ་ཙཱ་རྒྱ་གར་འཕགས་པའི་ཡུལ་དུ་ཕེབས་ནས་སྤྱན་དྲངས་པའི་རྒྱུད་སྡེ་གཙོ་བོ་དེ་དཔལ་རྒྱས་པ་རྡོ་རྗེ་རེད”ཅེས་དང་། ཡང་ཁོང་གིས་རྩ་བས་མར་པ་ལོ་ཙཱ་བར་བླ་མ་༡༠༠ ལྷག་ཡོད་པ་ལས་དྲིན་ཆེ་བའི་བླ་མ་༡༣ ཡོད་སྐོར་དང་། དེ་རིང་འདིར་ང་ཚོས་ཁོང་ལ་བཀའ་དྲིན་རྗེས་དྲན་བྱེད་རྒྱུ་བྱུང་བ་སྐལ་པ་བཟང་པོ་ཡིན་སྐོར། དེ་བཞིན་བསྟན་པ་འཛིན་སྐྱོང་སྤེལ་གསུམ་བྱེད་པར་འཆད་རྩོད་གསུམ་ཡ་མ་བྲལ་བ་བྱེད་དགོས་པ་གལ་ཆེན་པོ་ཡིན་སྐོར་སོགས་གསུངས་སོང་།
དམིགས་བསལ་སྐུ་མགྲོན་བཀའ་བློན་ཁྲི་ཟུར་མཁས་དབང་ཟམ་གདོང་རིན་པོ་ཆེས་ “གོང་དུ་སི་ཏུ་རིན་པོ་ཆེས་བཀའ་གནང་བ་བཞིན། མར་པ་ལོ་ཙཱ་བ་དེ་བཀའ་བརྒྱུད་རྐྱང་པའི་ཆོས་རྒྱུད་ཀྱི་བླ་མ་ཞིག་མ་ཡིན་པར། སྒྲུབ་རྒྱུད་ཀྱི་ཤིང་རྟ་ཡོངས་སུ་རྫོགས་པའི་བཀའ་དྲིན་ཅན་གྱི་བླ་མ་ཞིག་ཡིན་པ་དང་། ལྷག་པར་དུ་རྗེ་ཙོང་ཁ་པ་ནས་དབུ་ཚུགས་པའི་རི་བོ་དགེ་ལྡན་པའི་སྒྲུབ་རྒྱུད་ཀྱི་བསྟན་པའི་ནང་མར་པའི་བཤད་སྒྲུབ་གཉིས་ཀྱི་རྒྱུན་དེ་མང་པོ་ཞིག་ཡོད་པ་དངོས་ཡོད་གནས་ཚུལ་རེད། ང་རང་དགེ་ལུགས་པའི་སློབ་ཕྲུག་ཅིག་ཡིན་པའི་ཆ་ནས། དེ་རིང་མར་པའི་རྗེས་དྲན་གྱི་སྐབས་སུ་མར་པའི་ལུགས་ཀྱི་བཤད་སྒྲུབ་གཉིས་ཀྱི་རྒྱུན་དེ་རི་བོ་དགེ་ལྡན་པར་ག་ཚོད་གལ་ཆེན་པོ་ཆགས་པ་དེའི་སྐོར་མདོར་བསྡུས་ཤིག་ཞུས་ན་བསམ་སོང་། སྤྱིར་བཏང་མར་པས་རྒྱ་གར་ནས་བོད་ལ་བསྣམས་ཕེབས་པའི་ཆོས་བརྒྱུད་དང་། བརྒྱུད་རིམ་ལ་བསམ་ན་ཧ་ལས་པ་ཞིག་རེད། ཧ་ལམ་བོད་གངས་ཅན་གྱི་ལྗོངས་སུ་ཡོད་པའི་རྒྱུད་སྡེ་བཞིའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ། མར་པ་ནས་བརྒྱུད་པ་རེད་ཅེས་བཤད་ན་ཡང་ཕལ་ཆེར་སྒྲོ་བཏག་ཆགས་ཀྱི་མ་རེད་བསམ་གྱི་ཡོད། ཡིན་ན་ཡང་དུས་ཕྱིས་སུ་བཀའ་བརྒྱུད་པ་རང་གི་བསྟན་པ་འཛིན་པའི་སྐབས་སུ། ཕ་རྒྱུད་གསང་བ་འདུས་པ་དང་དེ་དང་འབྲེལ་བའི་གནས་ཚུལ་མང་པོ་ཞིག བཀའ་བརྒྱུད་ཀྱིས་མཚོན་པའི་བསྒྲུབ་རྒྱུད་གཞན་པ་ཚོར་དེ་ཙམ་གྱིས་རྩལ་འདོན་གནང་མེད་པ་འདྲ་བོ་ཞིག་རེད། ཡིན་ན་ཡང་ཕ་ལུགས་དང་ཡེ་ཤེས་ཞལ་ལུགས་ཉིས་ཆ་འདུས་པའི་མ་ལུགས་ཀྱི་གསང་བ་འདུས་པ་དེ། དུས་ཕྱིས་སུ་རྗེ་ཡབ་སྲས་ཀྱིས་གཙོ་བོ་རྩལ་འདོན་གྱིས་རྒྱུན་འཛིན་གནང་བ་ཡིན་པས། མང་པོ་ཞིག་གིས་དེ་ལྷོ་བྲག་མར་པས་རྒྱ་གར་ནས་བསྣམས་པའི་ཐུན་མོང་མ་ཡིན་པའི་བརྒྱུད་རིམ་ཞིག་ཡིན་པ་དེ་གསལ་པོར་མ་ཤེས་མཁན་ཡོད་སྲིད་པ་རེད་བསམ་གྱི་ཡོད་”ཅེས་གསུངས་སོང་།
ཡང་ཁོང་གིས་མཐུད་གསུངས་དོན། “རྗེ་རིན་པོ་ཆེ་རང་གིས་ཀྱང་ཐོག་མར་གསན་བསམ་གནང་པའི་སྐབས་སུ། ལྷོ་བྲག་མར་པའི་རྒྱུད་པ་དེ་ཀླུ་གྲུབ་ཡབ་སྲས་དང་ཟླ་བ་གྲགས་པ་ལ་སོགས་པའི་དགོངས་པ་དང་བརྒྱ་ཆ་བརྒྱ་ཐམ་པ་མཐུན་གྱི་ཡོད་མེད་ཀྱི་དོགས་པ་བྱུང་བའི་རྣམ་པ་ཡོང་གི་འདུག ཡིན་ན་ཡང་སྐབས་དེར་དེ་དག་ལྷོ་བྲག་མར་པའིི་རྩ་བའི་དགོངས་གཞི་ཡིན་པ་རྟགས་དང་མཚན་མ་མང་པོ་ཞིག་གི་ཐོག་ནས། རྗེ་རིན་པོ་ཆེའི་ཐུགས་ལ་ངེས་པ་རྙེད་པའི་གནས་ཚུལ་གསང་བའི་རྣམ་ཐར་ནང་ཡོད་པ་རེད། དེར་བརྟེན་དེ་ཚོའི་ནང་རི་བོ་དགེ་ལུགས་པའི་ཐུན་མོང་མ་ཡིན་པའི་ཉམས་ལེན་གྱི་ནང་ལ་ཕྱི་རིམ་ནས་བསྟན་པའི་སྲིད་པ་གསུམ་དང་། རྫོགས་རིམ་ནས་བསྟན་པའི་སྲིད་པ་བཅོ་ལྔ་སྲིད་པ་བཅོ་བརྒྱད་ཀྱི་ལམ་སྲོལ་དེ་ཆ་ཚང་ལྷོ་བྲག་མར་པ་ནས་བརྒྱུད་པ་ཞིག་རེད། ལྷག་པར་དུ་ཡང་མགོན་པོ་ཀླུ་གྲུབ་ཀྱི་ཐུན་མོང་མ་ཡིན་པའི་བཞེད་དགོངས་རྫོགས་རིམ་རིམ་པ་ལྔ་ཡི་རྣལ་འབྱོར་དེ། དུས་ཕྱིས་སུ་རི་བོ་དགེ་ལུགས་པས་ཉམས་ལེན་དང་གསན་བཞེས་གནང་བའི་གནད་འགག་ཅིག་ཆགས་ཡོད་རེད། དེ་གཅིག་བྱས་ན་ལྷོ་བྲག་མར་པས་བཀའ་བརྒྱུད་པ་རང་གི་ནང་ལ་རྩལ་འདོན་མ་བྱས་པར། དགེ་ལུགས་པའི་ནང་རྩལ་འདོན་བྱེད་དགོས་པ་དགོངས་པ་མིན་འགྲོ་བསམ་གྱི་ཡོད། དེ་ནང་བཞིན་ལྷོ་བྲག་མར་པས་ན་རོ་པ་ནས་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ན་ནོ་ཆོས་དྲུག་དེ་ཡང་། རི་བོ་དགེ་ལྡན་པའི་བཤད་སྒྲུབ་གཉིས་ཀྱི་ནང་ཧ་ཅང་གལ་ཆེན་པོ་བརྩི་ཡི་ཡོད་རེད། རྗེ་བདག་ཉིད་ཆེན་པོས་ན་རོ་ཆོས་དྲུག་གི་ཁྲིད་ཡིག་དེའི་མིང་ལ་ཡང་ན་རོ་ཆོས་དྲུག་གི་ཁྲིད་ཡིག་ཡིད་ཆེས་གསུམ་ལྡན་ཞེས་བཏགས་ཡོད་རེད། དེར་བརྟེན། ལྷོ་བྲག་མར་པ་དེ་བོད་ལ་འགྱུར་གསར་མའི་གསང་སྔགས་དར་བའི་སྐབས་ཀྱི་ཁྱད་པར་ཅན་གྱི་ལོ་ཆེན་ཞིག་ཡིན་པར་བརྟེན། དེ་ལ་བརྟེན་ནས་བྱུང་བའི་ཆོས་བརྒྱུད་དེ་ཚོ་ད་ལྟའི་ཆོས་བརྒྱུད་ཆེན་མོ་ཡོངས་རྫོགས་ཀྱིས་ཉམས་ལེན་གྱིས་ཐོས་བསམ་སློབ་གཉེར་བྱེད་ཀྱི་ཡོད་པ་དང་། ཁོང་གིས་གང་བསྟན་པའི་ལམ་དེ་ཚོ་ཡང་ད་ལྟའི་བར་ཉམས་པ་མེད་པར། བཀའ་བརྒྱུད་པ་གཙོ་བོར་གྱུར་པའི་བོད་ཀྱི་ཆོས་བརྒྱུད་ཚང་མས་འཛིན་སྐྱོང་བྱེད་ཡོད་པ་རེད། དེར་བརྟེན། ད་རེས་ཁོང་སྐུ་འཁྲུངས་ནས་ལོ་ཆིག་སྟོང་འཁོར་བའི་རྗེས་དྲན་དེ་ཡང་རིས་སུ་མ་མཆིས་པའི་བོད་ཀྱི་ཆོས་བརྒྱུད་ཚང་མས་སྲུང་བརྩི་བྱེད་དགོས་པ་དེ་སྨོས་མ་དགོས་པ་རེད་”ཅེས་གསུངས་སོང་།
མཐར་ཁོང་གིས་ལྷག་པར་དུ་སི་ཏུ་རིན་པོ་ཆེས་དབུ་ཁྲིད་འོག་དཔལ་སྤུངས་ཤེས་རབ་གླིང་གིས་དེ་རིང་ཁོང་ལ་རྗེས་དྲན་ཞུས་པ་དེར་རྗེས་སུ་ཡི་རངས་དང་། དེ་བཞིན་གདན་ས་འདི་ནས་བོད་ཀྱི་གདན་ས་དཔལ་སྤུངས་ཀྱི་ནང་ལ་ཡོད་པའི་བོད་གངས་ཅན་གྱི་གསུང་རབ་གྲགས་ཅན་མང་པོ་ཞིག་རྒྱུན་འཛིན་གྱི་ཆེད། གསུང་རབ་མང་པོ་ཞིག་པར་བསྐྲུན་བྱས་ནས་དེ་རིང་ཞལ་འབྱེད་གནང་བ་དེ་རླབས་ཆེན་གྱི་བྱ་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད། སངས་རྒྱས་ཀྱི་བསྟན་པ་གནས་མི་གནས་དེ་ལུང་གི་བསྟན་པར་རག་ལས་ཡོད་རེད་”ཅེས་གསུངས་སོང་།
སྐུ་མགྲོན་གཙོ་བོ་ཆོས་རིག་བཀའ་བློན་པདྨ་ཆོས་འབྱོར་གྱིས། སི་ཏུ་རིན་པོ་ཆེ་རང་གི་བཀའ་དྲིན་འོག རི་མགོ་འདི་འདྲ་ཞིག་ནས་ནང་བསྟན་དགོན་པ་འདི་འདྲ་ཞིག་བཙུགས་ཐུབ་པར་རྗེས་སུ་ཡི་རངས་ཡོད། ང་རང་ཚོར་ཕྱི་ལོགས་སུ་ངོམ་ཆོག་ཆོག་ཅིག་ཡོད་པ་དེ་བོད་ཀྱི་ནང་ཆོས་རེད། ནང་པའི་ཆོས་འདི་ལ་བརྟེན་ནས་འཛམ་གླིང་གི་མི་མང་པོ་ཞིག་གིས་བོད་བསྟན་སྲིད་ཀྱི་ཆེད་རོགས་པ་བྱེད་ཀྱི་ཡོད་རེད། དེར་བརྟེན་དེ་རིང་འདིར་དཔལ་སྤུངས་ཤེས་རབ་གླིང་གིས་སྒྲ་བསྒྱུར་མར་པ་ལོ་ཙཱའི་རྗེས་དྲན་སྲུང་བརྩི་ཞུ་རྒྱུ་བྱུང་བ་དེ་ཧ་ཅང་གི་སྐལ་པ་བཟང་པོ་རེད་ཅེས་དང་། བོད་ནང་གི་བོད་མི་༩༩ བོད་བསྟན་སྲིད་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་བཏང་ཡོད་སྐོར་དང་། དེ་བཞིན་སྲིད་སྐྱོང་གི་བོད་མིའི་སྒྲིག་འཛུགས་ཀྱི་ལས་ཁུར་བཞེས་ནས་ལོ་གཉིས་མ་ཟིན་ཙམ་སོང་བའི་རིང་། ཕྱི་ནང་གི་ལས་དོན་ཚང་མ་ཧ་ཅང་གི་ཚགས་ཚུད་པོ་བྱུང་ཡོད་སྐོར་སོགས་གསུངས་སོང་།
མར་པ་ཆོས་ཀྱི་བློ་གྲོས་སྐུ་འཁྲུངས་ནས་མི་ལོ་ཆིག་སྟོང་འཁོར་བའི་རྗེས་དྲན་མཛད་སྒོར། རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེས་བསྩལ་བའི་གསུང་འཕྲིན་དེ་བཀའ་བརྒྱུད་སྤྱི་འཐུས་བསྟན་པ་ཡར་འཕེལ་གྱིས་སྒྲོགས་སྦྱང་གནང་སོང་།
ཉིན་གཉིས་པའི་མཛད་སྒོའི་སྟེང་རྒྱ་གར་ཧི་མ་ཅལ་མངའ་སྡེའི་བློན་ཆེན་གཙོས་པའི་གནད་ཡོད་མི་སྣ་ཁག་ཅིག་ཆེད་ཕེབས་གནང་ཡོད་པ་རེད། བྱེས་ཀྱི་གདན་ས་དཔལ་སྤུངས་ཤེས་རབ་གླིང་དེ་ཉིད་༡༩༧༧ ལོར་བྱམས་མགོན་ཀྭན་ཏིང་ཏཱའི་སི་ཏུ་རིན་པོ་ཆེས་ཕྱག་བཏབ་ཡོད་པ་རེད། །
