ཕ་ཤུལ་བུས་འཛིན་གྱི་བོད་རང་བཙན་གོམ་བགྲོད་བྱེད་བཞིན་འདུག

kunga_norbu_2013_3_10ཟླ་འདིའི་ཚེས་༡༠ ཉིན་ལྟག་མཚེར་རིན་པོ་ཆེའི་སྲས་འབྲིང་བ་ཀུན་དགའ་ནོར་བུ་དང། རྔ་བ་རབ་བརྟན། ཏྲེ་ཧོར་བློ་དགའ། ཀླུ་ཆུ་དར་རྒྱས་བཅས་བཞི་ཡིས་ཨ་རིའི་རྒྱལ་ས་ཝ་ཤིན་ཊོན་ནས་ནིའུ་ཡོག་གྲོང་ཁྱེར་བར་དུ་བོད་རང་བཙན་གོམ་བགྲོད་ཅིག་འགོ་འཛུགས་བྱས་ཡོད་པ་རེད།

དེ་ཡང་གསུམ་བཅུའི་དུས་དྲན་ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ སྟེང་ཨ་རིའི་རྒྱལ་སའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་བོད་མི་བརྒྱ་སྐོར་ཙམ་གྱིས་གསུམ་བཅུའི་དུས་དྲན་ཐེངས་ང་བཞི་པ་སྲུང་བརྩི་གནང་སྐབས། རང་བཙན་གོམ་བགྲོད་པ་ཁོང་བཞི་པོ་དེར་མཉམ་ཞུགས་གནང་ཡོད་ཅིང་། སྐུའི་གཅེན་པོ་ལྟག་མཚེར་རིན་པོ་ཆེའི་སྲས་ཀུན་དགའ་ནོར་བུས་རང་གི་ཡབ་དམ་པའི་དགོངས་བཞེད་དང་། སྤུན་ཆུང་བ་འཇིགས་མེད་ཀྱི་དགོངས་བཞེད་དེ་མཇུག་སྐྱོང་ཆེད་ཞི་བའི་གོམ་བགྲོད་རིམ་པར་གནང་བའི་བརྒྱུད་རིམ། ད་ཆ་རང་གིས་ཞིང་གཤེགས་ཁོང་གཉིས་ཀྱི་མཇུག་འཕྲོས་ལས་འགན་རང་ཕྲག་ཏུ་ལེན་པའི་ཆ་ཤས་སུ་ཐེངས་འདིའི་རང་བཙན་གོམ་བགྲོད་ལས་འགུལ་མགོ་འཛུགས་གནང་གི་ཡོད་སྐོར་གསུངས་ཡོད་པ་རེད།

4_walkers༧གོང་ས་མཆོག་གི་གཅེན་པོ་ལྟག་མཚེར་རིན་པོ་ཆེས་རང་བཙན་གོམ་བགྲོད་ཐེངས་མང་གནང་མྱོང་ཡོད་པ་དང་། དེ་བཞིན་རིན་པོ་ཆེའི་སྲས་ཆུང་བ་འཇིགས་མེད་ཀྱིས་རང་བཙན་གོམ་བགྲོད་སྐབས། རླངས་འཁོར་གྱིས་རྡུང་སྐྱོན་ཐེབས་ཏེ། སྐུ་གྲོངས་ཡོད་པ་རེད།།
ཀུན་དགའ་ནོར་བུ་ལགས་ཀྱིས། “རང་བཙན་གོམ་བགྲོད་འདི་ལམ་ལྷོང་ངང་འགྲོ་བཞིན་ཡོད། ངའི་རྐང་པ་ཏོག་ཙམ་ན་གི་འདུག ཆུ་ལྒང་ཐོན་ནས་ན་གི་འདུག ང་གོམ་པ་རྒྱག་དུས་ ངས་བོད་པ་ཚང་མ་ལ་བསམ་བློ་གཏོང་གི་ཡོད། ངས་བོད་ནང་གི་གནས་སྟངས་ལ་བསམ་བློ་གཏོང་གི་ཡོད། ངའི་པཱ་ལགས་དང་འཇིགས་མེད་གཉིས་ཀྱིས་ཀྱང་ལམ་གྱི་དཀའ་ངལ་འདི་ཚོ་མྱོང་བཞིན་གོམ་པ་བརྒྱབ་གནང་བ་རེད་ཅེས་བསམ་བློ་གཏོང་གི་ཡོད། གསུམ་བཅུའི་དུས་དྲན་ཉིན་ཝ་ཤིན་ཊོན་ཌི་སིའི་རྒྱ་ནག་གཞུང་ཚབ་ཁང་ནས་ཁང་པོ་དཀར་པོ་བར་དུ་འགྲོ་སྐབས་བོད་རིགས་ཧ་ཅང་མང་པོ་མཐོང་བྱུང་། དེས་ང་ལ་སྤོབས་པ་ཆེན་པོ་སླེབས་བཅུག་བྱུང་། དེ་དག་ཚང་མ་བོད་རང་བཙན་ཆེད་གོམ་བགྲོད་གནང་བ་རེད་བསམས་ནས་ང་ལ་སྤོབས་པ་ཡོང་གི་འདུག ངའི་པཱ་ལགས་ཀྱིས་རང་བཙན་གོམ་བགྲོད་འདི་འདྲ་མགོ་བཙུགས་པ་རེད་བསམས་ནས་སྤོབས་པ་སྐྱེས་གི་འདུག”ཅེས་གསུངས་སོང་།