ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་ནང་བོད་དོན་སྐོར་གྱི་གྲོས་ཆོད།
བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་བ་ལྟར་ན། ཕྱི་ཟླ་༣ ཚེས་༢༠ ཉིན་ཨོ་སི་ཊོ་ལི་ཡའི་ལྗང་ཁུ་ཚོགས་པའི་འཐུས་མི་ས་ར་ཧན་སོན་ཡང་ (Sarah Hanson-Young) གིས་བཏོན་པའི་བོད་དོན་རྒྱབ་སྐྱོར་གྱི་གྲོས་འཆར་དེ་གྲོས་ཚོགས་གོང་མའི་ནང་གཏན་འབེབས་བྱུང་ཡོད་པ་རེད།
གྲོས་འཆར་དེའི་ནང་། ཨོ་སི་ཊོ་ལི་ཡའི་སྲིད་གཞུང་གིས་རྒྱ་ནག་གཞུང་ལ། ༡༽ བོད་ཀྱི་ས་ཁུལ་ཁག་ཏུ་འཕྲད་བཞིན་པའི་ཛ་དྲག་དཀའ་ངལ་རྣམས་སེལ་ཆེད་རེ་འདུན་འདོན་དགོས་པ། ༢༽ བོད་ཀྱི་ས་ཁུལ་ཁག་ཏུ་དྲག་གནོན་དང་སོ་ལྟ་བྱ་རྒྱུའི་མཚོན་དམ་དྲག་ཅན་གྱི་སྲིད་བྱུས་ཤུགས་ཆེ་རུ་གཏོང་བཞིན་པ་དེས་གནས་སྟངས་དེ་བས་ཚབས་ཆེ་རུ་འགྲོ་བཞིན་པར་བརྟེན། དམ་དྲག་ཅན་གྱི་སྲིད་བྱུས་དེ་དག་འཕྲལ་མར་མཚམས་འཇོག་དགོས་པའི་རེ་འདུན་འདོན་དགོས་པ། ༣༽ བོད་ནང་རྒྱལ་སྤྱིའི་གསར་འགོད་པ་དང་། གཞུང་འབྲེལ་རྟོག་ཞིབ་མི་སྣ་འགྲོ་བསྐྱོད་རང་དབང་ལ་དམ་དྲག་བྱས་དང་བྱེད་མུས་ཡིན་པ་དེ་མཚམས་འཇོག་བྱེད་དགོས་པའི་རེ་འདུན་འདོན་དགོས་པ། ༤༽ ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་དེ་བས་ཇེ་སྡུག་ཏུ་མི་འགྲོ་ཆེད་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་དང་ལྷན་འབྲེལ་མོལ་བསྐྱར་གསོ་གང་མགྱོགས་འགོ་འཛུགས་བྱེད་དགོས་པའི་རེ་འདུན་འདོན་དགོས་པ། བཅས་དོན་ཚན་བཞི་ཅན་གྱི་གྲོས་འཆར་དེར་ཨོ་སི་ཊོ་ལི་ཡའི་གྲོས་ཚོགས་གོང་མའི་ནང་གཏན་འབེབས་གནང་ཐུབ་ཡོད་པ་རེད།།