སེ་ར་ཐེག་ཆེན་གླིང་དུ་མཆོད་འབུལ་སྨོན་ལམ།

sera_2013_4_24ཟླ་འདིའི་ཚེས་༢༤ ཉིན་གྱི་ཕྱི་དྲོ་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་གཞིས་ཆགས་སུ་རྟེན་གཞི་བྱས་པའི། སེ་ར་ཐེག་ཆེན་གླིང་བླ་སྤྱིའི་ཕྱག་མཛོད་ཁང་གི་གོ་སྒྲིག་འོག བོད་གཞིས་བྱེས་གཉིས་ནས་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ལ་བསྔོ་སྨོན་མཆོད་འབུལ་ཞིག་འཚོགས་ཡོད་པ་རེད།

བསྔོ་སྨོན་མཆོད་འབུལ་གྱི་སྐབས་དེར་མར་མེ་ ༡༡༧ སྤར་ནས་བོད་ནང་ད་བར་རང་ལུས་མེར་སྲེག་གཏོང་མཁན་༡༡༧ བྱུང་ཡོད་པ་རྣམས་མཚོན་ཐབས་བྱས་འདུག་པ་དང་། ཁྲིམས་བདག་དགེ་བསྐོས་བསྟན་འཛིན་དར་རྒྱས་ཀྱིས་བོད་ཕྱི་ནང་གཉིས་ནས་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱི་མིང་རེ་རེ་བཞིན་དགེ་འདུན་པའི་དབུས་སུ་བསྒྲགས་པ་དང་། བོད་དོན་འཐབ་རྩོད་པ་དག་གི་ཐུགས་རེ་མྱུར་འགྲུབ་ཡོང་བའི་སྐྱབས་འཇུགས་ཞུས་ཡོད་པ་རེད།

sera1_2013_4_24དེ་ཡང་འདི་ལོར་སེ་ར་ཐེག་ཆེན་གླིང་བླ་སྤྱིའི་ཕྱག་མཛོད་ཁང་གི་ལས་བྱེད་གསར་རྙིང་བརྗེ་ལེན་སྐབས། སེ་ར་བྱེས་སྨད་གཉིས་ཀྱི་མཁན་རིན་པོ་ཆེན་རྣམ་པ་གཉིས་དང་། ཁྲིམས་བདག་དགེ་སྐོས་རྣམ་པ་གཉིས། ཆེན་མོ་བ་རྣམ་པ་གཉིས་སོགས་དབུ་བཞུགས་དགེ་བའི་བཤེས་གཉེན་རྣམས་གྲོས་བསྡུར་གྱིས། བོད་རང་དབང་འཐབ་རྩོད་ཆེད་རང་ལུས་མེར་སྲེག་གཏོང་མཁན་རྣམས་ཀྱིས་གཙོས་པའི། བོད་དོན་འཐབ་རྩོད་ཁྲོད་ནས་འདས་གྲོངས་སུ་སོང་བ་དང་། བཙོན་ཁང་དུ་ལུས་པ། དེ་བཞིན་དྲག་གནོན་གདུག་རྩུབ་འོག་མནར་གཅོད་མྱངས་དང་མྱོང་བཞིན་པ་དག་གི་ཆེད་དུ་བསྔོ་སྨོན་སྐྱབས་འཇུག་དང་། རྒྱལ་གཅེས་པ་དེ་དག་གི་ཐུགས་རེ་གང་ཡོད་པ་དག་ལེགས་འགྲུབ་ཡོང་ཆེད་དུ་བསྔོ་སྨོན་གསོལ་འདེབས་བྱ་རྒྱུའི་ལས་རིམ་གཏན་འབེབས་བྱུང་ཡོད་པ་བཞིན། གོང་ཚེས་ཉིན་བསྔོ་སྨོན་མཆོད་འབུལ་དེ་གནང་ཡོད་པ་རེད།

སྐབས་དེར་སེ་ར་བླ་སྤྱི་ཡིག་ཚང་ནས་དགེ་བསྐོས་ངག་དབང་སངས་རྒྱས་ཀྱིས་གསར་འགོད་པ་བརྒྱུད་ “བོད་ནང་དུ་སྡོད་མཁན་རྒྱ་ཆེའི་བོད་མི་རིགས་ཁྱེད་རང་ཚོ་ཚང་མ་ལ། ང་ཚོ་གདན་ས་གསུམ་གྱི་གྲྭ་པས་གཙོས་པའི་རྒྱ་གར་ནང་བཞུགས་ཡོད་པའི་བསླབས་པ་སློབ་གཉེན་ལ་བརྩོན་སྡོད་མཁན་གྲྭ་པ་ཡོངས་ཀྱིས། ཁྱེད་རང་ཚོ་སྙིང་ལ་བཅང་ནས་དུས་ཀུན་ཏུ་ཁྱེད་རང་ཚོའི་བཞེད་དགོངས་འགྲུབ་པ་དང་། ཁྱེད་རང་ཚོའི་དམིགས་ཡུལ་འགྲུབ་པའི་ཆེད་དུ་སློབ་སྦྱོང་གནང་གི་ཡོད་ལ། སྨོན་ལམ་ཡང་ནས་ཡང་དུ་རྒྱག་བཞིན་པ་ཡོད་ཞུ་རྒྱུ་ཡིན་”ཞེས་གསུངས་ཡོད་པ་རེད།

སེ་ར་བླ་སྤྱིའི་གོ་སྒྲིག་ཞུས་པའི་བསྔོ་སྨོན་མཆོད་འབུལ་དེར་དགེ་འདུན་པ་སུམ་སྟོང་བརྒལ་བ་མཉམ་འཛོམས་བྱུང་འདུག་པ་དང་། མ་འོངས་པར་སྐབས་བབས་དུས་བསྟུན་གྱིས་བོད་ནང་རང་ལུས་མེར་སྲེག་གིས་གཙོས་པའི་ཛ་དྲག་གི་གནས་ཚུལ་ནམ་བྱུང་བ་ཡིན་ན། སྐབས་དེའི་གཟའ་འཁོར་ནང་གི་༸གོང་ས་མཆོག་གི་སྐུའི་བླ་གཟའ་ལྷག་དཀར་ཉིན་མོ་དང་བསྟུན་ནས་བསྔོ་སྨོན་མཆོད་འབུལ་བྱ་རྒྱུ་ཡིན་པ་རེད།།

མེ་སོར་གསར་འགོད་པས།