ཏ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཐོན་པའི་ལག་ཁྱེར།
ཕྱི་ཟླ་༤ཚེས་༢༠ ཉིན་རྒྱ་གར་ལྷོ་ཕྱོགས་མེ་སོར་གཙུག་ལག་སློབ་གཉེར་ཁང་དང་། ཏ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནང་ཐུན་མོང་ནས། ལོ་ལྔའི་རིང་ཏ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གི་སློབ་ཐོན་པར་རྒྱ་གར་གཞུང་གིས་ངོས་ལེན་ཡོད་པའི་ལག་ཁྱེར་གནང་རྒྱུ་གཏན་ཁེལ་ཡོད་པ་རེད།
སློབ་ཐོན་ལག་ཁྱེར་དེའི་ནང་སློབ་ཐོན་པ་(BA)དང་། ཚོང་རིག་གཙུག་ལག་སློབ་ཐོན་(B COM) གློག་ཀླད་རྩིས་འཕྲུལ་གཙུག་ལག་སློབ་ཐོན་(BCA) བཅས་སློབ་སྦྱོང་བྱེད་བཞིན་པའི་སློབ་མ་ཚོ་དང་། དེ་བཞིན་བོད་ཡིག་དང་རྒྱ་ཡིག་ཐོག་སྐད་ཡིག་དང་རིག་གནས་སློབ་སྦྱོང་ཐོན་པའི་སློབ་ཕྲུག་ཚོར་(B A honors) ཀྱི་ལག་ཁྱེར་སྤྲོད་རྒྱུ་ཡིན་པ་རེད།
ཏ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་གསར་འཛུགས་བྱས་ནས་ད་ལྟའི་བར་རྒྱ་གར་གཞུང་གིས་ཚད་ལྡན་ལག་ཁྱེར་ཐོབ་མེད་པར་བརྟེན། མེ་སོར་གཙུག་ལག་སློབ་གཉེར་ཁང་ལ་༢༠༡༢ ལོའི་ཕྱི་ཟླ་༡༡ ཚེས་༢༤ ཉིན་སྙན་ཞུ་དེ་ཕུལ་ནས་དེ་ལྟར་ཐག་གཅོད་བྱུང་བ་ཞིག་ཡིན་འདུག
མེ་སོར་གཙུག་ལག་སློབ་གཉེར་ཁང་ནི་མེ་སོར་གྱི་རྒྱལ་པོ་ནལ་ཝ་དྲི་ཀི་རི་ཤི་ན་ར་ཇ་ཝོ་དྲི་ཡར བཞི་པས་(Nalvadi Krishnaraja་Wodeyar IV) ༡༩༡༦ ཕྱི་ཟྱ་༧ ཚེས་༢༧ ཉིན་གསར་འཛུགས་བྱས་པ་ཞིག་ཡིན་འདུག
ཏ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནི་༢༠༠༩ ཕྱི་ཟླ་༢ ཚེས་༡༦ ཉིན་༧གོང་ས་མཆོག་གིས་དབུ་འབྱེད་གནང་བ་དང་སློབ་གཉེར་ཁང་འདི་བྷེང་ག་ལོར་གྲོང་ཁྱེར་མཐའ་འཚམས་སུ་ཡོད་འདུག་ལ། ད་ལྟའི་ཆར་སློབ་ཕྲུག་༡༥༠ དང་ལས་བྱེད་༣༡ཡོད་འདུག སློབ་གཉེར་ཁང་འདིའི་འགན་འཁུར་ཆ་ཚང་བོད་ཕྲག་ཁྱིམ་སྡེ་ཡིས་བྱེད་ཀྱི་ཡོད་པ་རེད།།