ཚོགས་གཙོ་དང་དྲུང་ཆེ་གཉིས་ཀྱི་གཞུང་འབྲེལ་ཕྱོགས་བསྐྱོད།
ཉིན་འདི་གར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་གཉིས་ཀྱིས། ཐེ་ཝན་དུ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། དབུ་མའི་ལམ་གྱི་སྲིད་ཇུས། བོད་མིའི་རང་ལུས་མེར་སྲེག་གི་སྐོར་སོགས་ངོ་སྤྲོད་གནང་སྟེ་བོད་དོན་ཁྱབ་བསྒྲགས་བྱེད་ཀྱི་ཡོད་འདུག
དེ་ཡང་ཕྱི་༤ ཚེས་༢༧ ནས་༣༠ བར་ཐེ་ཝན་ནང་སྐབས་བརྒྱད་པའི་གཞོན་སྐྱེས་འགོ་ཁྲིད་ཀྱི་སྦྱོང་བརྡར་ཏེ་རྒྱ་ནག་མང་གཙོ་ཅན་ཏུ་གྱུར་རྒྱུ་ཞེས་པའི་རྒྱལ་སྤྱིའི་བགྲོ་གླེང་ཚོགས་འདུ་དེ། ཐེ་པེ་གྲོང་ཁྱེར་ཨོ་ཐན་གསོལ་མགྲོན་ཁང་དུ་དབུ་འཛུགས་གནང་ཡོད་འདུག་པ་དང་། དབུ་འབྱེད་མཛད་སྒོར་སྐུ་མགྲོན་གྱི་གཙོ་བོ་ཐེ་ཝན་གྲོས་ཚོགས་འཐུས་མི་དང་། ཨ་རིའི་གྲོས་ཚོགས་འཐུས་མིའི་དམིགས་བསལ་སྐུ་ཚབ། བོད་མི་མང་སྤྱི་འཐུས་ཚོགས་ཀྱི་ཚོགས་གཙོ་སྤེན་པ་ཚེ་རིང་སོགས་ནས་གསུང་བཤད་གྲུབ་རྗེས། ༧གོང་ས་མཆོག་གིས་ཚོགས་འདུར་ཆེད་དུ་བསྩལ་བའི་བཀའ་སློབ་དེ་བརྙན་འཕྲིན་ཐོག་བསྟན་ཡོད་འདུག
ཕྱི་དྲོ་ཚོགས་ཐེངས་དང་པོའི་བགྲོ་གླེང་ཚོགས་འདུ་ནི་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགོ་འཁྲིད་བརྗེ་པོ་བརྒྱབ་པའི་རྗེས་མང་གཙོ་ཅན་དུ་གྱུར་ཐབས་སྐོར་གྱི་བརྗོད་གཞིའི་ཐོག་རྒྱ་ནག་སྐམ་ས་ནས་ཕེབས་པའི་ཁྲིམས་རྩོད་པ་སོགས་ཀྱིས་གསུང་བཤད་གནང་བ་མ་ཟད། སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་བོད་མིས་རང་ལུས་མེར་སྲེག་སྐོར་ངོ་སྤྲོད་གནང་ཡོད་པ་རེད།
ཕྱི་ཚེས་༢༨ ཉིན་བོད་མིར་འཕྲད་པའི་འཇིག་ཉེན་དང་དེ་འགོག་ཐབས། ཞེས་པའི་བརྗོད་གཞིའི་ཐོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་གིས་རྒྱལ་ཕྲན་མཉམ་འབྲེལ་ལམ་ལུགས་ནི་བོད་མིར་གྲུབ་ཐུབ་པའི་འདེམས་ཁ་ཞིག་ཡིན་ནམ་ཞེས་པ་དང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ཀྱིས་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དབུ་མའི་ལམ་གྱི་སྲིད་བྱུས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་འཕགས་པ་ཚེ་རིང་གིས་མིག་སྔར་རྒྱ་ནག་གཞུང་གིས་བོད་ཐོག་འཛིན་པའི་སྲིད་བྱུས། ཨ་རི་ཧ་ཝ་ཌི་གཙུག་ལག་སློབ་གྲྭའི་ཉམས་ཞིབ་པ་བསྟན་འཛིན་བདེ་སྐྱིད་ཀྱིས་བོད་རྒྱ་འབྲེལ་ལམ་གོང་འཕེལ་གཏོང་རྒྱུར་འབད་བརྩོན་བྱེད་དགོས་སྐོར། ཐེ་ཝན་རྒྱལ་སྤྱིའི་ཉེས་ཡངས་ཚོགས་པའི་ཚོགས་མི་བཀྲ་ཤིས་ཚེ་རིང་ལགས་ཀྱིས་ཁྱིམ་དུ་ལོག་རྒྱུའི་སེམས་ནང་གི་སྐད་ཆ་ཞེས་པའི་བརྗོད་གཞིའི་ཐོག་གཏམ་བཤད་གནང་ཡོད་འདུག་ལ།
ཚོགས་འདུའི་ཐོག་ཨ་རི་དང་། ཉི་ཧོང་། ཨོ་སི་ཀྲི་ལི་ཡ། ཐེ་ལན་ཌ། སིང་གྷ་པུར། ཁེ་ཎ་ཌ། མ་ལེ་ཤི་ཡ། རྒྱ་ནག་སྐམ་ས། ཧོང་ཀོང་། ཨོ་མེན་སོགས་ཡུལ་གྲུ་འདྲ་མིན་ནས་རྒྱ་མི་རིགས་གཙོས་པའི་མི་རིགས་འདྲ་མིན་གྱི་མི་གྲངས་དྲུག་ཅུ་བརྒལ་བ་གདན་ཞུ་གནང་ཡོད་པ་དང་། ཐེ་ཝན་ཁུལ་ནས་མི་གྲངས་བཞི་བཅུ་ལྷག་མཉམ་ཞུགས་གནང་ཡོད་པ་རེད་འདུག ཐེ་ཝན་ནང་སློབ་སྦྱོང་བྱེད་བཞིན་པའི་རྒྱ་ནག་སྐམ་སའི་སློབ་ཕྲུག་མང་པོ་ཞིག་མཉམ་ཞུགས་བྱས་ཡོད་པ་རེད།
ཕྱི་ཟླ་༤ ཚེས་༣༠ ཉིན་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་གི་གོ་སྒྲིག་འོག་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས། ཐེ་ཝན་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་འཕགས་པ་ཚེ་རིང་སོགས་ཐེ་ཝན་གྲོས་ཚོགས་མཇལ་འཕྲད་ཁང་དུ་གྲོས་ཚོགས་ཀྱི་ཚོགས་གཙོ་སྐུ་ཞབས་ཝང་ཅིང་ཕིང་མཆོག་དང་མཇལ་འཕྲད་གནང་སྐབས། གྲོས་ཚོགས་ཀྱི་ཚོགས་གཙོས་ཐོག་མར་སྐུ་མགྲོན་རྣམས་ཐེ་ཝན་གྲོས་ཚོགས་སུ་ཕེབས་པར་དགའ་བསུའི་འཚམས་འདྲི་གནང་བ་དང་འབྲེལ་ཁོང་གིས་གསུང་དོན། སྔོན་མ་བོད་ཀྱི་༧སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ཐེ་ཝན་གྲོས་ཚོགས་སུ་ཕེབས་ཏེ་བཀའ་སློབ་དང་ལིན་གའོ་ལུས་རྩལ་ཐང་ཆེན་ནང་བཀའ་ཆོས་ཀྱང་བསྩལ་མྱོང་ཡོད་པས། ཐེ་ཝན་དད་ལྡན་ནང་པ་རྣམས་ཀྱིས་ཏཱ་ལའི་བླ་མ་མཆོག་ལ་སངས་རྒྱས་དངོས་ཀྱི་བརྩི་མཐོང་ཞུ་གི་ཡོད། ཨ་རི་སོགས་སུ་གནས་པའི་རྒྱ་མི་རིགས་མང་པོས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དད་གུས་ཆེན་པོ་ཞུ་གི་ཡོད། ང་ཚོས་བཙན་བྱོལ་སྤྱི་ཚོགས་ལ་སེམས་འཁུར་བྱེད་ཀྱི་ཡོད་ལ། འདིར་ཕེབས་པའི་གྲོས་ཚོགས་འཐུས་མི་ལྕམ་ཤའོ་མེའི་ཆིང་ལགས་ཀྱིས་དམིགས་བསལ་བོད་མིར་རྒྱབ་སྐྱོར་གནང་གི་ཡོད་པས། ང་ཚོ་ཕན་ཚུན་དབར་འབྲེལ་ལམ་མང་ཙམ་གནང་རྒྱུ་གལ་ཆེན་པོ་ཡིན་སྐོར་དང་། གོ་སྐབས་བྱུང་བ་ཡིན་ན་༧གོང་ས་མཆོག་ཐེ་ཝན་ནང་ཆིབས་བསྒྱུར་བསྐྱང་རྒྱུར་དགའ་བསུ་ཡོད་སྐོར་སོགས་གནང་རྗེས།
ཚོགས་གཙོ་སྤེན་པ་ཚེ་རིང་གིས་གསུང་དོན། ང་རང་ཐེ་ཝན་ནང་སླེབས་པ་ཐེངས་དང་པོ་ཡིན། སྐུ་ཉིད་ཀྱིས་རྩ་ཆེའི་དུས་ཚོད་བཏོན་ནས་ང་ཚོ་དང་མཇལ་འཕྲད་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་དང་། ང་རང་བཙན་བྱོལ་ནང་སྐྱེས་ཏེ་འཚར་ལོངས་བྱུང་བ་ཞིག་ཡིན། ད་ཆ་ང་ཚོ་མི་རབས་བརྗེ་བསྒྱུར་གྱི་དུས་ཚོད་ལ་སླེབས་ཡོད། མི་མང་གིས་ཐད་ཀར་འདེམས་བསྐོ་གནང་བའི་སྲིད་ཕྱོགས་ཀྱི་འགོ་ཁྲིད་ཐོན་ཡོད། གོང་དུ་གསུངས་པ་ལྟར། ཐེ་ཝན་ནང་བོད་བརྒྱུད་ནང་བསྟན་ལ་དད་པ་ཡོད་མཁན་མང་པོ་ཡོད་པས། ༸གོང་ས་མཆོག་ཐེ་ཝན་ནང་སླར་ཡང་ཆིབས་སྒྱུར་བསྐྱང་ཐུབ་པ་དང་། གྲོས་ཚོགས་ནང་ཆིབས་བསྒྱུར་བསྐྱང་ཐུབ་པ་བྱུང་ན་ཡག་པོ་ཡོད། འོན་ཀྱང་གནས་བབ་ཀྱི་ཆ་ནས་རང་རེས་ཕྱོགས་ཚང་མར་དཀའ་ངལ་སྤྲོད་ཀྱི་མ་རེད། ཕེབས་སྟབས་འགྲིག་ན་སྐུ་ཉིད་རྡ་རམ་ས་ལར་མགྲོན་འབོད་ཞུ་གི་ཡིན། སྐུ་ཉིད་ནས་འདིར་ཆགས་པའི་རང་རེའི་སྐུ་ཚབ་དོན་གཅོད་ལས་ཁུངས་ལ་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང་། ལྷག་པར་ཁོང་གིས་ཐེ་ཝན་བོད་སོག་ལས་ཁུངས་ནས་བཙན་བྱོལ་སྤྱི་ཚོགས་ནང་དཀའ་ངལ་སྤྲད་པ་སོགས་ངོ་སྤྲོད་དང་། ལས་ཁུངས་ཟླ་བསྒྲིལ་རྗེས་བོད་པའི་སྤྱི་ཚོགས་ལ་གནོད་སྐྱེལ་མི་ཡོང་བ་སོགས་ཀྱི་གཏམ་བཤད་གནང་ཡོད་འདུག
དེ་བཞིན་ཟླ་འདིའི་ཕྱི་ཚེས་༡ ཉིན་གྱི་སྔ་དྲོར་བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་དང་། ཕྱི་དྲིལ་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་དྲུང་འཕར་འཕགས་པ་ཚེ་རིང་ སོགས་ཐེ་པེ་གྲོང་ཁྱེར་གྲོས་ཚོགས་འཐུས་མི་ལྕམ་ཇན་ཡུའུ་ཨན་ལགས་ཀྱིས་སྣེ་ལེན་དང་འབྲེལ་ཐེ་པེ་གྲོང་ཁྱེར་གྲོས་ཚོགས་ནང་གཟིགས་སྐོར་གནང་རྗེས། གྲོང་ཁྱེར་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ཀྲའུ་བྷོ་ཡཱ་ཡིས་གཞུང་འབྲེལ་མཇལ་འཕྲད་གནང་རྗེས།
ཐེ་པེ་གྲོང་ཁྱེར་གྲོས་ཚོགས་ནས་སྐུ་མགྲོན་རྣམས་ལ་གཞུང་འབྲེལ་གསོལ་ཚིགས་གོ་སྒྲིག་གནང་ཡོད་པ་ལྟར་ཚོགས་གཞོན་སྐུ་ཞབས་ཀྲའུ་བྷོ་ཡཱ་དང་། གྲོས་ཚོགས་འཐུས་མི་ལྕམ་ཇན་ཡུའུ་ཨན་རྣམ་གཉིས་ཀྱིས་བཀའ་འདྲི་གནང་བར་ཚོགས་གཙོ་སྤེན་པ་ཚེ་རིང་དང་། དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་རྣམ་གཉིས་ཀྱིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ངོ་སྤྲོད་དང་། བོད་ནང་རང་ལུས་མེར་སྲེག་གི་སྐོར་སོགས་དུས་ཡུན་ཆུ་ཚོད་གཉིས་ཙམ་ཕན་ཚུན་གླེང་མོལ་ལྷུག་པོ་གནང་ཡོད་པ་རེད།
ཕྱི་ཚེས་༢ ཉིན་ཐེ་ཝན་མང་གཙོ་ཐེབས་རྩ་ཁང་གི་འགན་འཛིན་སྐུ་ཞབས་ཚའི་ཝི་དང་མཇལ་འཕྲད་དང་། ཕྱི་ཚེས་༣ ཉིན་ཏུང་ཝུ་གཙུག་ལག་སློབ་གྲྭ་ཆེན་མོ་ནས་གོ་སྒྲིག་ལྟར། བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྤེན་པ་ཚེ་རིང་མཆོག་དང་། རྒྱ་ནག་མང་གཙོ་དོན་གཉེར་བ་སྐུ་ཞབས་ཡཱང་ཅན་ལི། རྒྱ་ནག་སྐམ་སའི་ཁྲིམས་རྩོད་པ་བཅས་མི་གྲངས་གསུམ་གྱིས་སློབ་ཕྲུག་རྣམས་ལ་གསུང་བཤད་དང་། ཚོགས་གཙོ་སྤེན་པ་ཚེ་རིང་གིས་བཙན་བྱོལ་བོད་མིའི་སྒྲིག་འཛུགས་དང་། བོད་ནང་གི་ཛ་དྲག་གནས་སྟངས། བོད་མིའི་རང་ལུས་མེར་སྲེག་སྐོར་སོགས་ངོ་སྤྲོད་དང་སློབ་ཕྲུག་གི་དྲི་བར་ལན་འདེབས་གནང་ཡོད་པ་རེད་འདུག་ལ།
ཕྱི་ཚེས་༤ ཉིན་ནཱན་དའོ་ས་གནས་སུ་ཆགས་པའི་བོད་བརྒྱུད་ནང་བསྟན་བསླབ་གསུམ་སློབ་གླིང་དུ་གཟིགས་སྐོར་གནང་བ་མ་ཟད། དེ་མིན་འབྲེལ་ཡོད་མི་སྣ་གཞན་ཁག་དང་ཐུག་འཕྲད། དེ་བཞིན་དྲུང་ཆེ་བཀྲ་ཤིས་ཕུན་ཚོགས་ཀྱིས་ཕྱི་དྲིལ་ལས་ཁུངས་ཀྱི་ལས་དོན་དང་འབྲེལ་བའི་མི་སྣ་ཐུག་འཕྲད་ཀྱིས་བཀའ་བསྡུར་གནང་ཡོད་འདུག